སྤྱང་གྲུང་ལྡན་པའི་སྤྱང་ཀི།

 

༄༅ །། དྲང་སྲོང་དགུང་ལོ་ཆེན་པོར་སླེབས་པ་ཞིག་རྫ་རི་དང་སྤང་རི་བརྒྱུད་ནས་ཕེབས་པའི་ལམ་སྐབས་སུ། ཤིང་སྒྲོམ་ནང་དུ་ཚུད་པའི་སྟག་ཅིག་དང་ཕྲད། སྟག་དེས་དྲང་སྲོང་མཐོང་བ་དང་ཁོ་རང་ཕྱིར་གློད་རོགས་ཞེས་ཞུ་བ་ཡང་ཡང་འཐེན་པས། སྟག་ལ་སྙིང་རྗེ་སྐྱེས་ནས་དྲང་སྲོང་གིས་ཤིང་སྒམ་སྒོ་ཕྱེས། རྟག་ཕྱི་རུ་སླེབས་པ་དང་དྲང་སྲོང་བཟའ་བརྩི་བྱས་པས། དྲང་སྲོང་གིས་ཁྱོད་ངོ་ཚ་ཁྲེལ་མེད་ཅིག་རེད་ཅེས་བཤད་ནས། རང་སྲོག་སྐྱོབ་ཐབས་སུ། ངེད་གཉིས་ཀྱི་གནད་དོན་འདི་སེམས་ཅན་གཞན་ཞིག་ལ་ཐག་གཅོད་གནང་རོགས་ཞུ་བར་འགྲོ་ཞེས་བསམ་ཚུལ་བཏོན་པས།སྟག་གིས་ཀྱང་དེ་ལྟར་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

 

དེ་ནས་ཁོང་གཉིས་དང་པོ་སྡོང་རྒན་ཞིག་ཡོད་པ་དེའི་འགྲམ་དུ་ཕྱིན་ནས་གནས་ཚུལ་ཅི་བྱུང་བཤད། སྡོང་རྒན་ན་རེ། མི་ཟེར་བ་འདི་ཡང་རྒྱུ་འབྲས་མི་བརྩི་མཁན་ཞིག་མ་རེད། ངས་གནམ་གཤིས་ཚ་བའི་སྐབས་སུ་ཁོ་ཚོར་རྟག་ཏུ་བསིལ་གྲིབ་སྤྲད་ཀྱང་ཁོ་ཚོས་ངའི་ཡལ་ག་རྣམས་གཅོད་ཀྱི་འདུག་ཅེས་བཤད།

 

དེ་རྗེས་དྲང་སྲོང་དང་སྟག་གཉིས་གཡག་གཅིག་ཡོད་པ་དེའི་དྲུང་དུ་སོང་ནས་གནས་ཚུལ་བཤད་པ་ན། གཡག་ན་རེ། ངས་རང་གི་ཁྱིམ་བདག་ལ་ཞེན་པ་ལོག་ནས་བསྡད་ཡོད། རྒྱུ་མཚན་ནི་ངས་ཁྱིམ་བདག་ཚང་ལ་ལས་ཀ་ཧུར་ཐག་བྱས་ནའང་། ངའི་ཁྱིམ་བདག་གིས་ང་ལ་ཁ་ཟས་ཡག་པོ་མི་སྤྲོད་པ་མ་ཟད་ད་དུང་མཚམས་མཚམས་ལ་ཉེས་བརྡུང་ཤུགས་ཆེ་གཏོང་གི་འདུག། དེར་བརྟེན་གནམ་འོག་འདིར་ལས་རྒྱུ་འབྲས་བརྩི་བའི་མི་ཞིག་ཡོད་པ་མ་རེད། དེ་ན་དྲང་སྲོང་ཁྱོད་རྟག་གིས་བཟའ་འོས་པ་ཞིག་རེད་ཅེས་སྨྲས།

 

དེ་རྗེས་དྲང་སྲོང་དང་སྟག་གཉིས་རྟ་རྒན་ཞིག་ཡོད་པ་དེའི་སར་སོང་ནས་གནས་ཚུལ་ཅི་བྱུང་བཤད་པ་ན། རྟ་རྒན་ན་རེ། དེ་འདྲ་ཡོང་སྲིད་པ་རེད། རྒྱུ་མཚན་ནི་ང་ལོ་ཆུང་དུས་ཁྱིམ་བདག་གིས་ང་ལ་དགའ་བོ་ཞེ་དྲག་གནང་གི་ཡོད། ངས་ཀྱང་ཚེ་གང་བོར་གཡོག་རྒྱུག་བྱས་པ་ཡིན། ད་ང་ལོ་རྒས་ནས་ལས་ཀ་ཡག་པོ་བྱེད་མ་ཐུབ་དུས། ཁྱིམ་བདག་གིས་ང་འདིར་གཡུག་ནས་སྟོན་སར་སྤོར་སོང་།

 

དེ་ནས་དྲང་སྲོང་རེ་བ་ཟད་ནས་སྤྱང་ཀི་ཞིག་ཡོད་པ་དེའི་འགྲམ་དུ་སྐད་ཆ་དྲི་བར་སོང་། སྤྱང་ཀིས་སྟག་གི་མ་རབས་ཀྱི་སྤྱོད་ཚུལ་དེ་མཐོང་བས་དྲང་སྲོང་ལ་སྙིང་རྗེ་སྐྱེས་ཏེ། ངས་ཁྱོད་གཉིས་ཀྱི་དོན་རྐྱེན་འདིའི་བྱུང་སྟངས་ཆ་ཚང་མཐོང་བའི་རྗེས་ལ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་སྤྱང་ཀིས་བཤད། ཁོ་ཚོ་གསུམ་ས་ཆ་དེར་སླེབས་སྐབས་སྤྱང་ཀིས་སྟག་ཆེན་པོ་གཅིག་ཤིང་སྒམ་ཆུང་ཆུང་འདི་འདྲར་ཤོང་ཐུབ་པར་དཀའ་ཞེས་བརྗོད་པ་དང་། སྟག་ཤིང་སྒམ་ནང་དུ་མཆོངས་ནས་ཁོ་རང་ཤོང་གི་ཡོད་པ་དེ་བསྟན། སྤྱང་ཀིས་དེ་མ་ཐག་ཏུ་ཤིང་སྒམ་སྒོ་བརྒྱབས་ཏེ་དྲང་སྲོང་དང་མཉམ་དུ་ཐག་རིང་སར་ཕྱིན་པ་རེད།།