wildyaks
Wildyaks
>
ཨ་འཁོར་བཟོད་པའམ་སྤྲིན་དཀར་ལགས་ཀྱིས་སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག
ཨ་འཁོར་བཟོད་པའམ་སྤྲིན་དཀར་ལགས་ཀྱིས་སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག
རྩ་བའི་བླ་མ༧སྤྱི་ནོར༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྐུ་
ཚེའི་རླབས་ཆེ་བའི་མཛད་འཕྲིན་གྱི་ཆ་ཕྲ་མོ་ཙམ་དང་བོད་མི་རིགས་
ཀྱི་དད་འདུན་མཚོན་ཕྱིར་སྐུའི་གྱ་སྟོན་ལ་ཕུལ་བའི་<གཞས་ཚིག་སྤྲིན་
དཀར་འོད་>ཅེས་པ་འདི་ནི། ཁོ་བོ་ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱི་དད་སེམས་གཙང་མ་མཚོན་པའི་མཆོད་པའི་མེ་ཏོག་གོ
རྒྱལ་སྲས་ཆུང་ཆུང།
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
སྟག་འཚེར་གྱི་སྐར་མ་འོད་ཆེན།
རྒྱལ་སྲས་ཆུང་ཆུང་།
སྤྱན་རས་གཟིགས་ཀྱི་ཕོ་ཉ་ཡིན།
པོ་ཏཱ་ལའི་རྡོ་ཐེམ་རྩེ་ན། ཁྱེད་ཀྱི་ཞབས་རྗེས་ད་དུང་འོད་དུ་འཚེར།
ཕོ་བྲང་དམར་པོའི་སྒེའུ་ཁུང་ངོགས་ནས། འཛམ་གླིང་ཡངས་པོར་རྒྱང་གཟིགས་མཛད་པ།
ཇི་འདྲའི་དོན་སྙིང་བདེན་པའི་རྨི་ལམ་ཞིག
ལྷ་ས་ལ་ཁ་བ་ནག་པོ་འབབ་དུས། ལྷ་ས་ལ་མུན་པ་ནག་པོས་ཁེངས་དུས།
ཁྱེད་ཉིད་གསེར་ཁྲིའི་སྟེང་གི་རྒྱལ་སྲས་ཆུང་ཆུང་ཞིག
བྱམས་བརྩེའི་ཐུགས་དགོངས་ཡངས་པོ།
སྤྲན་པ་དཀར་པོའི་འོད་ལ་འདྲེས།
སྤྱན་ཆབ་ཀྱི་ཆུ་ཐིག་རེ་རེ། སངས་རྒྱས་ཀྱིས་འཇིག་རྟེན་ལ་གནང་བའི་བྱིན་རླབས་ཡིན།
ཁྱེད་ཀྱི་བྱིན་རླབས་སྒོམ་བཞིན།
ཁྱེད་ཀྱི་འཕྲིན་བཟང་ཀློག་བཞིན། ངའི་རྩམ་གཟན་ཀྱི་མགོ་ནག་བོད་པ།
གངས་འདབས་ཀྱི་འཁྱག་རླུང་ཁྲོད་ན་འོད་སྣང་གིས་འཚོ་ཡོད།
སྟག་འཚེར་གྱི་སྐར་མ་འོད་ཆེན། རྒྱལ་སྲས་ཆུང་ཆུང་། ཁྱེད་སྤྱན་རས་གཟིགས་ཀྱི་ཕོ་ཉ་ཡིན།
ངའི་མི་རིགས་ཀྱི་སྙིང་སྟོབས་རིན་པོ་ཆེ།
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
སེམས་དཔའ་ཆེན་པོ། སེམས་དཔའ་ཆེན་པོ།
ཁྱེད་ངའི་མི་རིགས་ཀྱི་མེས་པོ་ཡིན། ཁྱེད་ངའི་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན།
བྱམས་སེམས་ཀྱིས་ཕྱིར་གཟིགས་གནང་བཞིན།
མཁྱེན་དང་བརྩེ་བས་རྒྱལ་ཁམས་བསྐོར།
སྙིང་སྟོབས་ཆེན་པོས་གངས་རི་བརྒལ།
སངས་རྒྱས་ཀྱི་ཞབས་རྗེས་འཚོལ་བཞིན།
འཛམ་གླིང་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས།
ཁྱེད་ནི་ཟླ་བའི་མགྲོན་པོ་ཡིན་པས།
སློག་པ་གྱོན་པའི་མི་རིགས་ཤིག་གི་བདེ་སྡུག་གླེང་བཞིན།
འགྲོ་བ་ཡོངས་ཀྱི་སེམས་ལ་འོད་དུ་འཚེར།
རྒྱ་མཚོ་དང་གནམ་མཁའི་བར་ན། ཁྱེད་ཀྱི་བཀའ་སློབ་འོད་སྣང་ཆེ།
ངའི་མི་རིགས་ཀྱི་ལོ་རྒྱུས་དྲོན་མོ།
ངའི་རིག་གཞུང་གི་བྱམས་བརྩེའི་སྙིང་སྟོབས།
ཁྱེད་ཀྱི་ཞལ་ནས་ཕེབས་ཤིང་མི་ཚོགས་ཀྱི་རྣ་བར་བྱིན་རླབས་མཛད།
སེམས་དཔའ་ཆེན་པོ། སེམས་དཔའ་ཆེན་པོ།
ཁྱེད་ངའི་མི་རིགས་ཀྱི་མེས་པོ་ཡིན། ཁྱེད་ངའི་རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན།
རྩ་བའི་བླ་མ་གཙུག་གི་ནོར་བུ་མཁྱེན།
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
༡
རྩ་བའི་བླ་མ་གཙུག་གི་ནོར་བུ་མཁྱེན།
བཙན་པོས་རུ་དར་དགུང་དུ་འཕྱར་ཏེ་མི་ལོ་སྟོང་ཕྲག་ཕྱིན་པའི་རྗེས།
སྔོན་བྱོན་མཁས་པས་རྣམ་དཔྱོད་སྦྱངས་ཏེ་ལོ་ངོ་བརྒྱ་ཕྲག་སོང་བའི་རྗེས།
པུར་རྒྱལ་རྒྱལ་ཁམས་ཕྱོགས་སུ་ཐོར་ཏེ་གངས་ལྗོངས་མུན་པས་ཁེངས་པའི་དུས།
ཁྱེད་ཉིད་མཁྱེན་དང་བརྩེ་བ་ཆེན་པོས་བོད་འབངས་སྐྱོབ་པའི་མགོན་དུ་བྱོན།
རྩ་བའི་བླ་མ་གཙུག་གི་ནོར་བུ་མཁྱེན།
༢རྩ་བའི་བླ་མ་གཙུག་གི་ནོར་བུ་མཁྱེེན།
ལས་དབང་བཙན་པོས་ཉི་མ་ལྷ་སར་གྱེས་ཕྱག་ཐེངས་ཤིག་བྱས་ནའང།
འཕགས་པའི་ཡུལ་དུ་སེམས་དཔའ་ཁྱེད་ཀྱིས་བོད་ཡུལ་གཉིས་པའི་རྒྱལ་ཁབ་བཙུགས།
མང་གཙོའི་ལམ་སྲོལ་མང་ལ་གནང་སྟེ་བོད་གཞུང་གསར་པའི་ཁྲིམས་སྲོལ་ཕྱེ།
བོད་འབངས་རང་དབང་བདེན་མཐའ་རྩོད་པར་མཚེ་མེད་དབུ་མའི་ལམ་སྲོལ་བཏོད།
རྩ་བའི་བླ་མ་གཙུག་གི་ནོར་བུ་མཁྱེན།
༣རྩ་བའི་བླ་མ་གཙུག་གི་ནོར་བུ་མཁྱེན།
མི་འཇིགས་སྟོབས་ཀྱིས་འཛམ་གླིང་བསྐོར་ཏེ་འགྲོ་རྣམས་བཀའ་དགོངས་ཟབ་མོས་སྐྱོང།
ནང་བསྟན་རིག་པའི་ལྟ་སྤྱོད་ཟབ་མོ་ཚན་རིག་གསར་པའི་གྲོས་སུ་བཅུག
སླག་པ་གྱོན་པའི་མི་རིགས་ཞིག་གི་རིག་གཞུང་སྙིང་སྟོབས་མཐོ་རུ་བཏེགས།
དཀའ་སྡུག་ཁྲོད་ཀྱི་བོད་མི་ཡོངས་ལ་བཟོད་སྒོམ་ཆོས་ཀྱི་ལམ་སྟོན་མཛད།
འཛམ་གླིང་མཁས་པའི་འདུ་འཛོམས་དབུས་ན་ཁྱེད་ཉིད་སེང་གེ་དཀར་མོ་ཞིག
རྩ་བའི་བླ་མ་གཙུག་གི་ནོར་བུ་མཁྱེན།
སེམས་དཔའ་ཆེན་པོ། ཏཱ་ལའི་བླ་མ།
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
སེམས་དཔའ་ཆེན་པོ། ཏཱ་ལའི་བླ་མ།
ཁྱེད་ཀྱི་བྱིན་རླབས་ཐོབ་པར་གསོལ་བ་འདེབས།
ལུས་དང་སེམས་ལ་རང་དབང་མེད་པར་མུན་པའི་འོག་ཏུ་ཚུད་ནའང།
བྱམས་བརྩེའི་སེམས་ལ་འོད་སྣང་ལྡན་པའི་ཞི་བདེ་ཞིང་གི་མི་རིགས་ཞིག
ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ཏེ་ལྷོ་ཡི་ཕྱོགས་སུ་གསོལ་འདེབས་བྱེད།
ཁྱེད་ཀྱི་ཐུགས་སུ་མི་ཚོགས་འདི་དག་སྐར་ཚོགས་ཡིན་པས་འོད་ཆེམ་ཆེམ།
བརྩེ་བའི་ཕྱག་ཟུང་ཐལ་མོ་སྦྱར་ཏེ་མི་ཚོགས་འདི་ཡི་བདེ་སྡུག་གླེང་།
འགྲོ་བ་ཡོངས་ཀྱིས་སྐྱེས་བུ་ཁྱེད་ཉིད་ཞི་བདེའི་དཔོན་དུ་ཡང་ཡང་བཀུར།
ཁྱེད་ཀྱི་ཐུགས་རྗེའི་ཤེས་རབ་རྩལ་གྱིས་གངས་ཅན་རྣམས་བུ་བཞིན་སྐྱོང་།
གངས་ཅན་པ་ཡིས་ཁྱེད་ཀྱི་མཛད་རྗེས་དྲན་ཞིང་མིག་ཆུ་བྲང་ཁར་ལྷུང་།
སེམས་དཔའ་ཆེན་པོ། ཏཱ་ལའི་བླ་མ།
ཁྱེད་ཀྱི་བྱིན་རླབས་ཐོབ་པར་གསོལ་བ་འདེབས།
དུས་རབས་ཀྱི་དཀོན་མཆོག
སྐུའི་གྱ་སྟོན་ལ་ཕུལ་བའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
༡བྱང་ཆུབ་སེམས་མཆོག་ཐུགས་སུ་མངའ་བས།
འགྲོ་བ་རིགས་དྲུག་ཐར་པར་འགོད་ལ་དམ་བཅའ་མཛད།
ཉིན་དང་མཚན་ལ་དྲན་པ་ཉེར་བཞག་ཉམས་སུ་བཞེས་ཏེ།
ཁྱེད་ཀྱི་ཐུགས་ཁོག་སྤྲོ་བས་ཕྱུག་ཅིང་གསེར་ཞལ་བཟང་པོ་ནམ་ཡང་འཛུམ་གྱིས་ཁེངས།
ཕྱག་ན་པདྨོ་ཁྱེད་མིན་སུ་ཞིག་མཆིས།
ཏཱ་ལའི་བླ་མ་དུས་རབས་འདི་ཡི་དཀོན་མཆོག་ལགས།
༢ཕར་ཕྱིན་དྲུག་གིས་མཛད་འཕྲིན་སྐྱོང་བས།
འགྲོ་བ་སེམས་ཅན་ཁྱེད་ཀྱི་མཚན་ལ་དགའ་ཞིང་སྤྲོ།
ཏཱ་ལའི་བླ་མ་ངོ་མཚར་ཆེ་བའི་དཀོན་མཆོག་ཡིན་ཏེ།
བདེན་པའི་གསུང་དང་གཞན་དོན་ཐུགས་སུ་དགྲ་དང་གཉེན་ཀྱི་དབྱེ་བ་ཡོད་མ་ཡིན།
ཕྱག་ན་པདྨོ་ཁྱེད་མིན་སུ་ཞིག་མཆིས།
ཏཱ་ལའི་བླ་མ་དུས་རབས་འདི་ཡི་སེམས་དཔའ་ལགས།
༣ཁྱེད་ཀྱི་འགྱུར་མེད་དམ་བཅའ་གསུམ་གྱིས།
མཚེ་མེད་ཞི་བདེའི་འཛམ་གླིང་དཀྱིལ་འཁོར་གསར་བཞེངས་མཛད།
ཏཱ་ལའི་བླ་མ་དུས་རབས་གསར་པའི་སློབ་དཔོན་ཡིན་ཏེ།
ཁྱེད་ཀྱི་དཀའ་སློབ་ཕྱག་རྒྱའི་འོག་ན་ཀུན་སྤྱོད་གསར་པའི་འཇིག་རྟེན་གཉིད་ལས་སློང་།
ཕྱག་ན་པདྨོ་ཁྱེད་མིན་སུ་ཞིག་མཆིས།
ཏཱ་ལའི་བླ་མ་དུས་རབས་འདི་ཡི་སློབ་དཔོན་ལགས།
སངས་རྒྱས་ཀྱི་མཛད་པ། ཨེ་མ་ངོ་མཚར་ཆེ།
སྐུའི་གྱ་སྟོན་ལ་ཕུལ། ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
ཁྱེད་ནི་ཉི་མ་སེར་པོ་ཡིན་པས།
འོད་ལ་བཅུབས་ཏེ་འཛམ་གླིང་བསྐྱོད།
ཁྱེད་ནི་སྤྲིན་པ་དཀར་པོ་ཡིན་པས།
བྱིན་རླབས་མཛད་བཞིན་གླིང་བཞི་བསྐོར།
དུས་ཀྱི་རླུང་བུས་ཁྱེད་ཀྱི་མཛད་རྣམ་ཀློག
སངས་རྒྱས་ཀྱི་མཛད་པ་ཨེ་མ་ངོ་མཚར་ཆེ།
༢འཚོ་བ་དང་ཕུགས་བསམ་གྱི་བར་དུ་འོད་ལམ་འཐེན།
ཀུན་སྤྱོད་དང་ཤེས་རབ་ཀྱི་བར་དུ་གསེར་ཟམ་བཙུགས།
གངས་རི་དང་རྒྱ་མཚོ་ཡི་བར་དུ་མཛའ་བརྩེ་བསླངས།
སྐྱེ་འགྲོ་ཡོངས་ཀྱིས་ཁྱེད་ཀྱི་བཀའ་དགོངས་ཉན།
སངས་རྒྱས་ཀྱི་མཛད་པ་ཨེ་མ་ངོ་མཚར་ཆེ།
ཁྱེད་ཀྱིས་ང་ཚོར་སྤྲོ་སྣང་སྦྱིན།
སྐུའི་གྱ་སྟོན་ལ་ཕུལ། ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
སངས་རྒྱས་མི་ཡུལ་དུ་ཕེབས་བྱུང་།
དངུལ་མདོག་གི་མི་ལོ་བརྒྱད་ཅུ་དེ།
མི་ཡུལ་ལ་ངོ་མཚར་བསྐྲུན་པའི་སྐར་ཆ་རེ་རེ།
གསེར་ནག་གི་ལཉྫ་ཡིན། མ་ཎི་ཡི་བྱིན་རླབས་ཡིན།
འཚོ་བའི་དཀའ་སྡུག་རྒྱ་མཚོའི་རླབས་དང་འདྲ།
གངས་རིའི་ལས་དབང་རླུང་ཁའི་མར་མེ་ཡིན།
དེང་གི་མི་ཆོས་དགུང་གི་འཇའ་ཚོན་འདྲ།
ཁྱེད་ཉིད་ཁོ་ནས། སྡུག་བསྔལ་ཁྲོད་ནས་བདེ་བའི་ལམ་སྟོན་མཛད།
ཁྱེད་ང་ཚོའི་འཚོ་བའི་སྤྲོ་སྣང་ཡིན།
སངས་རྒྱས་ཀྱི་བྱིན་རླབས་ཐོབ་པའི།
མི་ཡུལ་གྱི་རྨི་ལམ་འཚོལ་བའི་གདོང་དམར་བོད།
དམར་སྨུག་གི་གདོང་ལ་འཛུམ་མདངས་ཤིག་ཤིག
ཁྱེད་ཉིད་ཁོ་ནར་གསོལ་འདེབས་བྱེད།
ཁྱེད་ང་ཚོའི་བླ་སྲོག་ཡིན།
ཁྱེད་ང་ཚོའི་འཚོ་བའི་སྤྲོ་སྣང་ཡིན།
དམ་ཚིག་དང་དྲན་གདུང་
།
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
གངས་དཀར་པོའི་རྨི་ལམ་སྔས་མགོ་བྱས་པའི།
མགོ་དཀར་པའི་རྒད་པོ་རྒན་མོ་ཚོ།
འཆི་ཁའི་གསོལ་འདེབས་ཀྱི་མིག་ཟུང་ག་ལེར་བཙུམས་ཏེ།
ཁྱེད་ཀྱི་མཚན་ནས་ཡང་ཡང་འབོད་བཞིན།
མིག་འོད་བསྡུས་ཏེ་ཕྱི་མར་བུད་ཐལ།
དྲན་པའི་གདུང་བ་ཆུ་མོར་འདྲེས་ན།
རྒྱ་མཚོ་ཞིག་བསྐྱིལ་ཡོད།
ཕྱི་མ་བར་དོའི་ཁམས་ནས།
ཁྱེད་ཀྱི་གསེར་ཞལ་ཨེ་མཇལ་ཐལ།
༢གསེར་སེར་པོའི་རེ་བ་རྒྱབ་ཏུ་འཁུར་བའི།
མཛུམ་དྭངས་བའི་བྱིས་པ་སེམས་དཀར་ཚོ།
ཞོགས་པའི་ཉི་ཟེར་གྱི་འོད་ལམ་རེ་བས་ཕྱེ་སྟེ།
ཁྱེད་ཀྱི་མཚན་བསྔགས་ཡང་ཡང་ཟློ་བཞིན།
དཔེ་ཁུག་འཁུར་ནས་སློབ་གྲྭར་བུད་ཐལ།
དྲན་པའི་གདུང་བ་སྤྲིན་པར་འདྲེས་ན།
ཆར་བ་ཞིག་བབས་ཡོད།
ཀ་ཁའི་ཀློག་འདོན་གྱི་ཁྲོད་ནས།
ཁྱེད་ཀྱི་ཐུགས་དགོངས་ཨེ་འགྲུབ་ཐལ།
༣ཁྱིམ་ནང་མིའི་ངལ་བ་དང་དུ་ལེན་པའི།
ལུས་དར་བའི་ཕོ་གསར་མོ་གསར་ཚོ།
ཐོ་རེངས་སྐར་ཆུ་ཡིས་ཁ་ངོ་གཙང་མར་བཀྲུས་ཏེ།
ཁྱེད་ལ་གསོལ་འདེབས་ཡང་ཡང་བྱེད་བཞིན།
ལས་ཀར་བུད་ཐལ།
དྲན་པའི་གདུང་བ་མེ་ལ་འདྲེས་ན།
མེ་རི་ཞིག་འཕྱུར་ཡོད།
ཞིང་འབྲོག་འཚོ་བ་ཡི་ཁྲོད་ནས།
ཁྱེད་ཀྱི་དཀའ་གསུང་ཨེ་བརྩིས་ཐལ།
གནའ་བོའི་གྲོང་ཚོ་ཡི་མི་དག་གིས།
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
སྤྲིན་དཀར་པོ་མིག་ཆུ་མ་གཏོང་རོགས།
ཆུ་གཙང་པོ་སྐྱོ་གླུ་མ་ལེན་རོགས།
ང་ཡིས་རྩ་བའི་བླ་མ་དྲན་བྱུང་།
སེམས་ཀྱི་སྟེང་ནས་དྲན་བྱུང་།
རི་བོ་མཐོན་པོའི་རྩེ་ནས་དྲན་གདུང་གི་ལྷ་བསང་ཕུད།
ལྷ་བསང་གི་དུ་སྤྲིན་སྔོན་མོ། ལྷོ་ནས་ལྷོ་ལ་འཕུར།
ལྷོ་ཕྱོགས་ལ་གསོལ་འདེབས་ཞུས་ཡོད།
རྩ་བའི་བླ་མའི་གསེར་ཁྲིའི་མདུན་དུ།
ང་ཡི་གསོལ་འདེབས་འབྱོར་བྱུང་ངམ།
༢དུང་ཟླ་བ་འཛུམ་ཞལ་མ་གནང་རོགས།
བྱ་ཁུ་བྱུག་གསུང་སྙན་མ་སྒྲོག་རོགས།
ང་ཡིས་རྩ་བའི་བླ་མ་དྲན་བྱུང་།
སེམས་ཀྱི་གཏིང་ནས་དྲན་བྱུང་།
གངས་དཀར་རི་བོའི་འདབས་ནས།
དད་པའི་ཕྱག་གསུམ་འཚལ་ཡོད།
སེམས་གཏིང་གི་དད་འདུན་རྣམ་དག ལྷོ་ནས་ལྷོ་ལ་གཏད།
རྩ་བའི་བླ་མའི་ཕོ་བྲང་མདུན་དུ།
ང་ཡི་སྨོན་ལམ་འབྱོར་བྱུང་ངམ།
ལམ་སྟོན་དང་རྗེས་འཇུག
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
༡ང་ལ་གནམ་སྔོན་པོ་ཞིག་ཡོད།
གནམ་སྔོན་པོའི་འོད་སྣང་སྒོམ་བཞིན་དུ།
མགོ་ཐོན་པོར་བཏེགས་ཏེ་འགྲོ་གི་ཡོད།
གནམ་སྔོན་པོའི་ཁ་ཞེང་ཇེ་ཆེ་རེད།
གནམ་སྔོན་པོ་བླ་མའི་ཐུགས་དགོངས་ཡིན།
རྗེ་བླ་མའི་ཐུགས་དགོངས་ཡངས་པར་ལྟོས།
ངའི་མགོ་ནག་བོད་པ་བསོད་ནམས་ཆེ།
༢
ང་ལ་ཆུ་དྭངས་མོ་ཞིག་ཡོད།
ཆུ་གཙང་པོའི་དྭངས་གསལ་སྒོམ་བཞིན་དུ།
ངག་སྙན་མོའི་གླུ་གཞས་ལེན་གི་ཡོད།
ཆུ་གཙང་པོའི་བྲོ་བ་ཇེ་ཞིམ་རེད།
ཆུ་གཙང་པོ་བླ་མའི་བཀའ་སློབ་ཡིན།
རྗེ་བླ་མའི་བཀའ་སློབ་ཟབ་པར་ལྟོས།
ངའི་མགོ་ནག་བོད་པ་བསོད་ནམས་ཆེ།
༣ང་ལ་ལམ་དྲང་མོ་ཞིག་ཡོད།
ལམ་དྲང་མོའི་མདུན་ལྗོངས་དྲན་བཞིན་དུ།
ང་མདུན་ནས་མདུན་དུ་འགྲོ་གི་ཡོད།
ལམ་དྲང་མོའི་གཟི་བརྗིད་ཇེ་ཆེ་རེད།
ལམ་དྲང་མོ་བླ་མའི་ལམ་སྟོན་ཡིན།
རྗེ་བླ་མའི་ལམ་སྟོན་ཟབ་པར་ལྟོས།
ངའི་མགོ་ནག་བོད་པ་བསོད་ནམས་ཆེ།
རི་ཚོགས་ཀྱིས་ཁེངས་པའི་ཕ་ཡུལ་ནས།
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
༡ང་ཚོའི་བར་ཐག་དེ་འདྲའི་རིང་ནའང།
གངས་རི་དཀར་པོ་དེ་འདྲའི་མཐོ་ན་ཡང་།
མེ་མདའ་དམར་པོས་བགྲོད་ལམ་བཀག་ན་ཡང་།
ང་ཚོའི་རྣམ་ཤེས་ཁྱེད་ཀྱི་འགྲམ་དུ་ཡོད།
༢ཞོགས་པ་ཡི་སྐྱ་མདའ་དང་པོར།
མཆོད་ཁང་ལ་མཆོད་མེ་སྒྲོན་དུས།
ཁྱེད་ཀྱི་གསེར་ཞལ་མཇལ་བྱུང་ལགས།
དགོང་མོ་ཡི་ནུབ་ཚ་འཐུང་རྗེས།
དད་འདུན་གྱི་ཉལ་ཕྱག་འཚལ་དུས།
ཁྱེད་ཀྱི་གསུང་སྐད་ཐོས་བྱུང་ལགས།
དཀའ་སྡུག་གི་ལོ་ཟླ་འགྲིམ་དུས།
གསོལ་འདེབས་ཀྱི་མིག་ཟུང་བཙུམས་ན།
ཁྱེད་ཀྱི་བྱིན་རླབས་ཐོབ་བྱུང་ལགས།
༣རྒན་རྒོན་ཚོས་མིག་སྐྱག་འབྱིད་བཞིན།
ཐག་རིང་གི་རླུང་འཕྲིན་ཉན་གི
བླ་རྒན་ཚོས་མིག་ཆུ་ཕུད་བཞིན།
མགོན་ཁྱེད་ཀྱི་རྣམ་ཐར་ཀློག་གི
སློབ་ཕྲུག་ཚོས་སྙན་ངག་བྲིས་ཏེ།
མི་རིགས་ཀྱི་མེས་པོ་གླེང་གི
གཞས་པ་ཚོས་གླུ་གཞས་བླངས་ནས།
གངས་ལྗོངས་ཀྱི་དྲན་གདུང་བརྗོད་གི
ངེད་མགོ་ནག་བོད་ཀྱི་མེས་པོ་ལགས།
ང་ཚོས་ནམ་ཞིག་ཁྱེད་ཉིད་མཇལ་ཐུབ་བམ།
ངས་ཁྱེད་ལ་དགོངས་དག་ཞུ
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
གངས་རི་ཡི་ཡོལ་བ་དཀར་པོས།
གནམ་ས་ཡི་བར་ཐག་སྦྲེལ་ཡང།
བརྩེ་སེམས་དང་ལས་དབང་གཅིག་པའི།
གཞིས་བྱེས་ཀྱི་བོད་རིགས་སྤུན་ཟླས།
ངུ་འབོད་དང་སྐྱབས་འཇུག་འབྱོར་བྱུང་།
ཁྱེད་ཀྱི་ཏིང་འཛིན་དཀྲོགས་བྱུང་ངམ།
ངས་ཁྱེད་ལ་དགོངས་དག་ཞུའོ།
མཆོད་མེ་ཡི་འོད་རླབས་ངོགས་ནས།
ངའི་མི་རིགས་ཀྱིས་སེམས་པ་ཐལ་མོ་སྦྱར་ཏེ།
ཁྱེད་ལ་དགོངས་དག་ཞུའོ།།
༢གཏི་མུག་གི་ཡོལ་བ་ནག་པོས།
ཤེས་རབ་ཀྱི་འོད་སྣང་སྒྲུབ་པས།
བཀའ་སློབ་དང་གསུང་ཆོས་ཞུས་ཀྱང་།
བཀའ་དགོངས་དང་དམ་ཚིག་མ་བསྲུངས།
ཁྱེད་ཀྱི་ཐུགས་དགོངས་དཀྲུགས་བྱུང་ངམ།
ངས་ཁྱེད་ལ་དགོངས་དག་ཞུའོ།
མེ་ཏོག་གི་མཆོད་འཕྲེང་ཕུལ་ཏེ།
ངའི་མི་རིགས་ཀྱི་སེམས་པ་ཐལ་མོ་སྦྱར་ནས།
ཁྱེད་ལ་དགོངས་དག་ཞུའོོ།།
ངའི་ཕ་མ་གཉིས་ཀྱི་ཞུ་འཕྲིན།
(འདི་ནི་ངའི་དྲིན་ཆེན་ཕ་མ་གཉིས་ཀྱི་སྐད་ཆ་ངོ་མ་ཡིན།)
སྐུའི་གྱ་སྟོན་ལ་ཕུལ་བའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
ནུབ་རྒྱ་མཚོ་ཆེན་པོའི་རོལ་ནས།
ང་ད་ནངས་ཞོགས་པར་ལངས་ནི་ར།
དྲིན་ཕ་མ་གཉིས་ལ་ཁ་པར་བཏང་།
ངའི་ཕ་མ་ཚེ་ཐག་རིང་རྒྱུ་གཉིས།
རྗེ་བླ་མའི་མཛད་འཕྲིན་བྲིས་ཡོང་ཐལ།
སྐུའི་གྱ་སྟོན་ཆེན་མོ་གླེང་ནི་ར།
ངའི་ཨ་ཕས་གསོལ་འདེབས་བྱེད་བཞིན་དུ།
ངའི་ཨ་མས་མིག་ཆུ་ཕུད་བཞིན་དུ།
རྗེ་བླ་མར་སྐད་ཅིག་བསྐུར་ནོ་ཞུ།
༢ངའི་ཨ་ཕས་དུ་ཆང་བཅད་དང་ཐལ།
ངའི་ཨ་མས་སྡིག་པ་སྤངས་དང་ཐལ།
རྗེ་བླ་མར་ཞབས་བརྟན་བསྒྲུབ་རྒྱུ་ཟེར།
རྗེ་བླ་མའི་སྐུ་ཚེ་བརྟན་རོགས་ཟེར།
ཆོས་དཀར་པོ་དགེ་བར་བསྔོ་རོགས་ཟེར།
རྗེ་བླ་མ་འཕགས་མཆོག་སྤྱན་རས་གཟིགས།
ངའི་ཕ་མའི་སྐྱབས་འཇུག་ཐུགས་ལ་ཟུངས།
ཐུགས་བརྩེ་བའི་བྱིན་རླབས་ཐོབ་པར་གསོལ།
ཐུགས་བརྩེ་བའི་བྱིན་རླབས་ཐོབ་པར་གསོལ།
རླབས་ཆེན་གྱི་ཕ་ཡུལ།
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
༡ང་ལ་ཕ་ཡུལ་ཡོད།
སྤྲིན་དཀར་གྱོན་པའི་གངས་རི་ཡོད།
གནམ་ས་འདྲེས་པའི་རྩ་ཐང་ཡོད།
རྨ་འབྲི་ཆུ་བོའི་བཞུར་རྒྱུན་ཡོད།
ཞིང་འབྲོག་འཚོ་བའི་ལོ་རྒྱུས་ཡོད།
བཙན་པོའི་དམག་སྡེས་རྟ་མཆོག་ཞོན་ཏེ།
རྒྱལ་མཚམས་རྡོ་རིང་གནམ་ལ་བསླངས་ཡོད།
བོད་རྒྱལ་ཁབ། བོད་རྒྱལ་ཁབ། ང་ཡི་ཕ་ཡུལ་ཡིན།
༢ང་ལ་ཕ་ཡུལ་ཡོད།
བྱམས་དང་བརྩེ་བའི་ཆོས་ལུགས་ཡོད།
ཤེས་རབ་ལྡན་པའི་རིག་གཞུང་ཡོད།
ངོ་མཚར་ཆེ་བའི་སྐད་ཡིག་ཡོད།
འཛམ་གླིང་ཞི་བདེའི་དེད་དཔོན་ཡོད།
བཙན་པོའི་དམག་སྡེས་རྟ་མཆོག་ཞོན་ཏེ།
རྒྱལ་མཚམས་རྡོ་རིང་གནམ་ལ་བསླངས་ཡོད།
བོད་རྒྱལ་ཁབ། བོད་རྒྱལ་ཁབ། ང་ཡི་ཕ་ཡུལ་ཡིན།
ང་ལ་ཕ་ཡུལ་ཡོད།
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
རང་དབང་རྩོད་པའི་
མི་རིགས་ཡོད
བཙན་པོའི་དུས་ཀྱི་སྙིང་སྟོབས་ཡོད།
ཚེ་སྲོག་འབར་བའི་དཔའ་ངར་ཡོད།
ཤེས་རིག་སྦྱོང་བའི་བརྩོན་པ་ཡོད།
བཙན་པོའི་དམག་སྡེས་རྟ་མཆོག་ཞོན་ཏེ།
རྒྱལ་མཚམས་རྡོ་རིང་གནམ་ལ་བསླངས་ཡོད།
བོད་རྒྱལ་ཁབ། བོད་རྒྱལ་ཁབ། ང་ཡི་ཕ་ཡུལ་ཡིན།
བཙན་པོའི་དམག་གླུ
སྐུའི་གྱ་སྟོན་ལ་ཕུལ་པའི་གཞས་ཚིག ཨ་འཁོར་བཟོད་པའམ་སྤྲིན་དཀར་གྱིས།
༡དམར་པོའི་རི་ལ་རྡོ་ཡི་ཕོ་བྲང་བཙུགས།།
རྟ་དམག་བྱེ་བས་རྒྱ་ནག་ཆམ་པ་ཕབ།།
སྦྲ་ནག་ཕུར་བ་སུམ་ཉིས་ས་ལ་བརྡབས།།
གངྒཱའི་ཆུ་ལ་ལྕགས་ཀྱི་ཀ་བ་བཙུགས།།
ཨ་རབ་རྒྱལ་བོའི་ནོར་གྱི་བང་མཛོད་འཕྲོག།།
རླབས་ཆེན་གདོང་དམར་དམག་གི་ལོ་རྒྱུས་དཔའ།།
ང་ནི་མེས་པོ་དེ་ཡི་གདུང་རྒྱུད་ཡིན།།
༢དཔའ་བོའི་རི་དར་གངས་རིའི་རྩེ་ན་བསྐྱོད།།
འུར་རྡོ་སྔོན་པོ་རྒྱ་མཚོའི་མཐའ་ལ་འཕངས།།
བཀའ་ཁྱབ་བཙན་པོས་ཕྱོགས་བཞི་དབང་དུ་བསྡུས།།
འཇིགས་རུང་སྟོང་སྡེ་དྲུག་ཅུས་རྒྱལ་ཁམས་བསྐོར།།
བྲེ་སེར་འབྲོང་གི་གཏམ་རྒྱུད་གནམ་ལ་བསྲིངས།།
རླབས་ཆེན་གདོང་དམར་དམག་གི་ལོ་རྒྱུས་དཔའ།།
ང་ནི་མེས་པོ་དེ་ཡི་གདོང་རྒྱུད་ཡིན།།
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print