wildyaks
Wildyaks
>
ཨ་རི་བས་རང་གི་ཕྲུ་གུར་ཤེས་བྱ་སྦྱོང་རོགས་བྱེད།
ཨ་རི་བས་རང་གི་ཕྲུ་གུར་ཤེས་བྱ་སྦྱོང་རོགས་བྱེད།
ཨ་རི་བས་རང་གི་ཕྲུ་གུར་ཤེས་བྱ་སྦྱོང་རོགས་བྱེད།
Parents helping their children with their schoolwork
ཨ་དོན་ཉི། (ཨ་རི།)
ཕ་མ་དང་ནང་མིས་ཕྲུ་གུ་བཙས་མ་ཐག་པའི་ངུ་འཛུམ་དང་འགུལ་སྐྱོད་ཕྲ་མོ་བྱེད་པ་ནས་བཟུང་སྟེ། མིག་ལ་རྩེད་ཆས་གཤོམ་པ་དང་རྣ་ལ་སྒྲ་འཇམ་པོ་མངགས་པ། རྩེད་ཆས་ཡང་མོ་ལུས་ལ་གླན་པ་སོགས་བྱས་ནས་ཤེས་བྱ་སློབ་པའི་སྟ་གོན་ལ་ཞུགས་པ་རེད། ཕྲུ་གུས་གྲ་སྒྲིག་སློབ་གྲྭ་འགོ་མ་བཙུགས་པའི་ཡར་སྔོན་ནས་ཀྱང་ཕ་མ་ཚོས། རང་གི་ཕྲུ་གུ་ལ་སློབ་སྦྱོང་ཞེས་པའི་དོན་ནི་སྤྲོ་སྣང་ཞིག་ཡིན་པའི་འདུ་ཤེས་སེམས་ངོར་གློན་ཅི་ཐུབ་བྱ་ཞིང་། ཕྲུ་གུ་རང་སྟེང་ནས་སློབ་ལ་འཇུག་པའི་སེམས་ཁམས་ཚགས་ཚུད་པོ་ཡོང་རྒྱུར་རེ་བ་འཛིན་པ་རེད། རེ་བ་དེའི་ཁུངས་སུ་ཕྲུ་གུ་ཁོ་རང་ཚོ་སྤྱི་ཚོགས་ཁྲོད་འགྲེང་ཚུགས་ཐུབ་པའི་རྩལ་ནུས་འདོན་ཕྱོགས་ཀྱི་ཐབས་ལམ་མང་བོ་འདུས་ཡོད།
ཡོངས་ཁྱབ་བྱས་ན། ཕ་མ་ཚོས་བུ་ཕྲུག་གི་ཤེས་ཚད་ཡར་རྒྱས་གཏོང་ཆེད། ཁ་བརྡ་འཇམ་པོ་དང་འཛུམ་དམུལ་དྲོན་པོ་སྟོན་ནས་ཕྲུ་གུ་ལ་ཉེ་འཁོར་གྱི་དངོས་པོའི་མིང་དང་མིའི་མིང་། གསལ་བྱེད་ཡི་གེ་དང་། ཨང་ཀི་སྒྲིག་རིམ། ཁ་དོག་དབྱེ་ཚུལ་སོགས་ཁ་དང་ལག་པ་འགུལ་བཞིན་རྩེད་མོའི་ཟོལ་གྱིས་ངོ་སྤྲད་ནས་ཤེས་བྱ་སྦྱོང་རོགས་བཅའ་བ་རེད། རི་མོ་འབྲི་གྲོགས་བྱེད་པ་རེད།
ཕ་མས་ཕྲུ་གུར་ཁྱིམ་ཁྲིད་བྱས་པའི་རྒྱུ་མཚན་དེ་ལ་བརྟེན། ཁོ་པ་ཚོ་སློབ་གྲྭར་མ་ཞུགས་པའི་སྔོན་ནས་ཀྱང་ཡི་གེ་འབྲི་ཀློག་གང་འཚམས་ལ་ཐོགས་ཀྱི་མེད་པ་ཡོང་གི་ཡོད། ཡིན་ནའང་། ཕ་མ་ཚོས་རེ་བ་དེ་ལྟ་བུ་འཆར་ཅན་དུ་འགྲུབ་དགོས་བསམ་སྟེ། བྱིས་པ་ལ་ཁྲོ་ཚུལ་བསྟན་ནས་གནོན་ཤུགས་སྤྲོད་རྩ་བ་ཉིད་ནས་ཆོག་གི་མ་རེད། གསལ་བོ་བཤད་ན། ཕྲུ་གུ་ཁོ་རང་ཚོར་བསླབ་འདོད་དང་རྩེད་འདོད་ཀྱི་མཚར་བློ་ཞིག་མེད་ན་བཙན་པོ་བྱེད་མི་ཉན་ཟེར་བ་དེ་རེད། དེ་བས་རིག་པ་འཚར་བྱེད་ཀྱི་རྩེད་ཆས་(educational toys) མང་བོ་ཉོས་ནས་བྱིས་པ་རང་ལ་དབང་བའི་ཁང་མིག་ནང་རྩེད་ཆས་ཀྱིས་འགེང་ལ་ཁད་ཅིག་བྱེད་ཀྱི་ཡོད། ཕ་མ་ཚོས་ཁྱིམ་དང་སྒོ་གང་ཡིན་ས་ནས་རྩེད་དགོད་ཀྱི་ཚུལ་དུ་ཕྲུ་གུར་ཤེས་བྱ་སྦྱོང་རོགས་བྱེད་པའི་དམིགས་ཡུལ་ནི། ཕྲུ་གུ་ཁོ་རང་ཚོ་སོ་སོར་འཚར་བ་དང་མཉམ་དུ་སྤྱི་ཚོགས་ལ་འབྲེལ་འདྲེས་བྱེད་པར་དངངས་པ་མི་སྐྱེ་བ་དང་། སོ་སོའི་སློབ་སྦྱོང་གི་ལམ་སྐབས་ནས་བག་འཁུམས་ཏེ་མི་སྡོད་པའི་ཞུན་བརྡར་ཐོབ་ཆེད་ཡིན་པས་ཕ་མའམ་ཁྱིམ་གྱི་སློབ་གསོ་ཧ་ཅང་གལ་ཆེན་ལ་རྩི་བ་རེད།
ཕ་མའི་སློབ་གསོའི་ཟུར་ཞིག་ནི་སློབ་གྲྭའི་ནང་དང་སློབ་ཕྱི། སྒོ་ཕྱི་ཁྱིམ་གང་ཡིན་རུང་། རང་གི་ཡིན་པ་གང་ཞིག་སེར་སྣ་ཆེན་པོ་མི་བྱེད་པར་གཞན་ལ་སྐལ་བཅའ་བ་དང་། ངང་ཐུང་བྱེད་ན་མི་ལེགས་པ་དང་། རྐུབ་སྟེགས་ནས་བརྟན་པོ་འདུག་དགོས་པ་དང་། དྲི་བ་འདྲི་ཕོད་པ་དང་། བསམ་གཞིག་བྱེད་དགོས་པ་དང་། དགེ་རྒན་དང་མི་རྒན་པ་ཚོའི་བསླབ་ཁྲིད་ལ་ཉན་ལྟ་ཡག་པོ་བྱེད་དགོས་པ་དང་། ང་ཡིས་སྒྲུབ་ཐུབ་སྙམ་པའི་བསམ་པ་སྐྱེ་དགོས་པ་སོགས་ཀྱི་བསླབ་བྱ་འཛུམ་མདངས་དང་བསྡོངས་ནས་གཏོང་བ་རེད། ཕ་མ་ཚོས་ཕྲུ་གུ་ལ་དགའ་སྤྲོའི་རྣམ་འགྱུར་དང་བཅས་དྲི་བ་གཏོང་ཞིང་ཁ་བརྡ་གློད་པ་རེད།
འགུལ་རིས་བརྙན་འཕྲིན་ལ་ལྟ་བའི་ཉི་མ་འདེམ་ཞིང་དུས་ཚོད་བཟོ་བ་རེད། ཕྲུ་གུའི་སྔུན་ནས་ཕ་མའི་གདོང་པ་འཛུམས་ཀྱིས་ཁེངས་རྒྱུ་དང་སྐད་ཆ་འཇམ་པོ་བཤད་རྒྱུ་ཞེ་དྲག་གལ་ཆེན་པོར་རྩི་ཡི་ཡོད། དེ་གང་ལགས་ཟེར་ན། ཕ་མས་ཁྲོ་སྐད་ཆེན་པོ་དང་རྣམ་འགྱུར་བཙོག་པོ་སྟོན་པར་བྱས་ན། ཕྲུ་གུའི་སེམས་ཁམས་ལ་འཚེར་སྣང་བསྐྲུན་ནས་དྲི་གཞི་སྣ་ཚོགས་ཀྱིས་གང་བའི་ཕྲུ་གུའི་མཚར་སྣང་གི་སེམས་ཁམས་བདེ་ཐང་ལ་བཀག་རྒྱ་ཐེབས་པའི་ཉེར་ལེན་དུ་འགྱུར་བར་བཤད། དེ་ལྟར་འགྱུར་ན་ནི། ཕྲུ་གུས་ཕ་མ་ལ་དོགས་འཚེར་མེད་པར་དྲི་བ་འདྲི་བའི་སྤོབས་པ་ཞུམ་འགྲོ་ཞིང་། བྱིས་པའི་ཀླད་སྒྲོམ་ཆུང་ཆུང་ནང་ཚོད་ཚོད་དུ་འཚང་ཡོང་བའི་དྲི་གཞི་སྟོང་ཕྲག་མང་བོར་ཚོད་འཛིན་ཐེབས་ཏེ། ཁོ་པ་ཚོའི་རིག་པ་འཚར་སྟངས་ལ་གནོད་པ་འབྱུང་བར་དོགས་པའི་ལྟ་གྲུབ་ཡན་གར་བ་ཞིག་ཨ་རི་བར་ཆགས་ཡོད། ཕ་མ་ནི་ཕྲུ་གྲུ་ཚོའི་བསམ་པའི་འཚར་ལོངས་རྒྱུད་རིམ་ཁྲོད་ཀྱི་མིག་ལྟོས་བྱེད་ས་འབའ་ཞིག་ཡིན་པས་ཕ་མ་རྣམས་ཕྲུ་གུའི་མདུན་ནས་སྤྲོ་མདོག་ཁ་བོ་དང་ཀུན་སྤྱོད་ལེགས་པོ་ཅན་ཞིག་ཡོད་དགོས་པ་རེད།
གལ་སྲིད་ཕྲུ་གུས་པྲ་ཚག་བྱས་པའམ་ཕ་མའི་འཇམ་བཤད་སློབ་གསོ་ལ་མི་ཉན་པ་ཡིན་ན། ཕ་མ་ན་རེ། ཕྲུ་གུ་པང་ཞིང་དེའི་གདོང་ལ་བལྟས་ནས་ངང་རྒྱུད་རིང་བོས། ཁྱོད་ཀྱིས་ངས་བཤད་པ་ལ་མ་ཉན་པས་ངས་ཁྱོད་ཀྱི་ཨོང་ཤ་ལ་ཐལ་ལྕག་གཞུ་དགོས་ཞེས་ཕྲུ་གུ་ལ་གཤེ་དགོས་པ་དང་གཅར་དགོས་པའི་རྒྱུ་མཚན་གསལ་བོ་བརྗོད་ནས་ལམ་ལ་འཇོག་པ་རེད། དེ་འདྲ་མ་གཏོགས་ཕ་མས་རང་གི་ཁྲོ་བ་མ་ནོན་ནས་གློ་རྡེག་དང་འཇབ་འཛུལ་གྱིས་ཕྲུ་གུ་ལ་གཞུ་རྐྱང་བྱེད་པ་མ་རེད། དེ་ལྟར་གཞུ་ན་ཁྲིམས་ནས་ཀྱང་ཆོག་པ་མ་རེད། ཡུལ་ལུང་འདིའི་བཤད་རྒྱུན་ཞིག་ལ། སློབ་ལོ་མ་རན་པའི་བྱིས་པར་མཚོན་ན། ངལ་སྣང་མེད་པའི་ཕ་མའི་སྤྲོ་ཉམས་དང་རིགས་སྒྲེ་མིན་པའི་རི་མོའི་དེབ་ཚོགས་དང་། འགུལ་མེད་དང་འགུལ་བཅས་ཀྱི་རྩེད་ཆས་འདྲ་མིན་ནི་ཕྲུ་གུ་དམར་འབྱར་ནས་སློབ་གྲྭར་ཞུགས་རེག་དབར་གྱི་རྩ་ཆེན་སློབ་ཐུན་རེ་རེ་ཡིན་ཟེར་སྲོལ་ཡོད།
བྱིས་པ་སློབ་གྲྭར་ཞུགས་ཕྱིན་ནས་བཟུང་། ཕ་མ་ཚོས་སྔོན་ལྟར་ཕྲུ་གུར་རང་ཁྱིམ་ནས་བཀོད་སྒྲིག་བྱེད་པའི་འཆར་ཅན་གྱི་ལས་གཞི་རྣམས་ཉུང་ངུར་གཏོང་བ་རེད། དེའི་ཚབ་ལ་སློབ་གྲྭས་བཞག་པའི་ལས་བྱའི་ཐོག་བློ་རྩེ་ཡག་པོ་སྒྲིམ་དོ་བའི་སླད་དུ། ཕྲུ་གུ་སོ་སོ་རང་ལ་དབང་བའི་ཁང་མིག་གཙང་མར་འཇོག་པ་དང་། དུས་ཚོད་ལྷིང་འཇགས་སྤྲོད་པ་བཅས་བསམ་བློ་གཏོང་སའི་རང་དབང་གི་གླིང་ཡངས་པོ་གང་འཚམ་ཞིག་མཁོ་འདོན་བྱེད་པ་རེད། གལ་སྲིད་སློབ་གྲྭས་ཕ་མ་ལ་དམིགས་བསལ་སྦྱང་གཞི་རེ་འགའི་ཐོགས་བྱིས་པར་གསལ་ཁ་འདོན་དགོས་ཟེར་ན་མ་གཏོགས་ཕ་མའི་ཁ་དེ་ཙམ་མི་ཐོན། ༼འདི་ཁྱིམ་སྦྱོང་བྱེད་སྐབས་གཅིག་བུར་གོ་དགོས།༽ དེ་ནི་སྤྱིའི་ཆ་ནས་བྱིས་པའི་སློབ་སྦྱོང་གི་བྱང་ཚད་ག་འདྲ་ཡོད་མིན་སློབ་གྲྭ་དང་དགེ་རྒན་གྱི་ལག་ན་ཡོད་པས་རེད་མོད་། འོན་ཀྱང་ཕ་མ་རྣམས་ཀྱིས་རང་གི་བུ་ཕྲུག་གིས་ཅི་ཞིག་སྦྱང་ཡོད་པ་དང་། གང་ཕྱོགས་ན་མིག་སྔུན་གྱི་སྦྱོང་ཚན་ལ་སྟོང་ཆ་ཤོར་གྱི་ཡོད་མེད་ཐད་བློ་མིག་རྒྱུན་དུ་སྐོར་གྱི་ཡོད་པ་རེད། ཕྲུ་གུ་སློབ་གྲྭར་ཞུགས་ཕྱིན་པ་ནས་ཕ་མ་ཚོར་ཧུར་བསྐྱེད་སློབ་གསོའི་འགན་འཁྲི་འདི་འདྲ་ཞིག་ཡོད་དེ། ཁྱོད་སྤྱི་ཚོགས་ཀྱི་འབྲེལ་འདྲེས་ཆེན་པོར་སིམ་དགོས་ཤིང་འཛམ་གླིང་གི་ཤེས་ཡོན་མི་སྣར་འགྱུར་དགོས་པས་ཁྱིམ་ནས་ཀྱང་དཔེ་དེབ་སྣ་མང་ཀློག་ཅིང་། རྩེད་མོ་འདྲ་མིན་རྩེ་བ། ལས་ཀ་གང་ཐུབ་བྱ་བ། བསམ་བློ་རང་གིས་གཏོང་བ་དགོས་ཞེས་ཀུ་རེ་དང་གདོང་འཛུམ་སྦྲགས་ནས་སྐུལ་ལྕགས་གཏོང་བ་རེད། གཟབ་ནན་དང་ཨ་མཚར་བསྲེས་ནས་གཅེས་ཉམས་སྟོན་པ་རེད། རང་དབང་དང་རྩེད་ཆས་སྤྲོད་ནས་རྒོད་ལ་ཡང་མངག་པ་རེད། མ་མཐའ་ཡང་རང་གི་འཚོ་བ་རང་གིས་འཁྱོང་བའི་མི་ཞིག་བྱ་དགོས་ཞེས་བཤད་པ་རེད། མ་ཟད་བྱིས་པའི་ཀློག་དེབ་ཁང་སོགས་ལ་དུས་རྒྱུན་དུ་འཁྱིད་པའམ་ཡང་ན་རང་འགུལ་སྒོས་དཔེ་མཛོད་ཁང་ལ་འགྲོ་དགོས་པའི་དྲན་སྐུལ་ནམ་དུས་ཡང་བྱེད་པ་རེད།
བྱིས་པ་ལ་བྱིས་པའི་རྩིས་ཐང་ཧ་ལས་པ་སྦྱིན་ནི་རེད། མྱི་གྲས་ལ་ཡ་མཚན་འཇོག་ནི་རེད།
ཕྲུ་གུའི་ཁམས་དང་བསྟུན་ནས། བདུན་མཇུག་རེ་རེར་སློབ་ཕྱིའི་བྱ་ འགུལ་སྣ་ཁ་སྟེ། བྱིས་པའི་ལུས་རྩལ་རྩེད་ཐང་དང་། ཞབས་བྲོ་གླིང་ག་དང་། གཏམ་རྩེད་ཤོད་སྡེ་དང་། རོལ་མོ་འཁྲོལ་ཚོགས་དང་། འགྲེམ་སྟོན་ཁང་པ་དང་། དཔེ་མཛོད་ར་སྐོར་དང་། རི་མོ་སྦྱོང་ཐང་སོགས་ལ་ཁྲིད་ནས་སྤྱི་ཚོགས་གོམས་བྱང་ལ་སྦྱོར་བརྡར་སྤྲོད་ཅིང་ཕྲུ་གུའི་བསམ་བློའི་མངའ་ཐང་རྒྱ་བསྐྱེད་པར། དྲི་བ་འདྲི་བ། སྙིང་ཕུར་བརྡབ་པ་བཅས་བྱས་ནས་ཤེས་བྱ་ལ་འཇུག་རོགས་བཅའ་བ་རེད། ཨ་རིའི་ཕ་མ་ཚོས། རང་གི་ཕྲུ་གུ་རྣམས་གསར་གཏོད་ཀྱི་བསམ་བློ་བསྣམ་སྟེ་ལག་ཆགས་ན་འདོད་པ་ལས་གཞན་བརྟེན་གྱི་བྲན་གཤིས་སྒོས་ཏེ་འཚར་ལོངས་འབྱུང་བར་དགའ་བོ་ཡོད་པ་མ་རེད།
ཨ་རི་བའི་གཞོན་ནུ་ཚོགས་ཀྱིས་སློབ་གྲྭའི་ནང་གི་སྦྱོང་ཚན་རྣམས་ལ་སློབ་གྲྭའི་ཁོར་ཡུག་ན་ཡོད་པའི་སྐབས་སུ་ནན་མོ་བལྟ་དགོས་པའི་སྒྲིག་སྲོལ་ཞིག་ཡོད། སློབ་གྲྭ་གྲོལ་ནས་ཕྱི་ལ་ཐོན་རྗེས་སློབ་གྲྭའི་སྦྱོང་ཚན་མིན་པའི་དཔེ་དེབ་གཞན་པ་བླུ་བ་དང་གཡར་བ་སོགས་བྱས་ནས་བལྟ་ཀློག་བྱེད་པའི་ནམ་ཚ་དགོས་པ་དང་། སོ་སོ་གང་ལ་དགའ་མོས་ཡོད་པ་གཞིར་བྱས་བྱ་འགུལ་གཞན་པར་མཉམ་ཞུགས་བྱེད་པའི་གོ་སྐབས་དམ་འཛིན་བྱེད་པའི་ལུགས་སྲོལ་ཡོད། དེར་བརྟེན་དགེ་རྒན་རྣམ་པས་ཀྱང་། སློབ་ཕྱི་ནས་གཞོན་ནུ་སློབ་མ་ཚོར་རང་དབང་གི་དུས་ཚོད་དང་གླིང་ཡངས་ཀྱི་ནམ་མཁའ་ཡོད་པར་བྱ་ཆེད་ཁྱིམ་སྦྱོང་དང་ལས་བྱ་མང་བོ་སྤྲོད་པར་མི་བྱ། དུས་སྐབས་དེ་འདྲར་སླེབས་དུས། གཞོན་ནུའི་ཚོགས་ལའང་སྤྱིའི་ཆ་ནས། རང་གི་བསམ་པ་ནང་བཞིན་གྱི་དུས་ཚོད་བཀོད་སྒྲིག་གི་རང་སྟོབས་དང་བྱ་བའི་ལེགས་ཉེས་འབྱེད་བྱེད་ཀྱི་མིག་ཟུང་ཐོགས་ཡོད་པས། རང་གིས་ཅི་ཞིག་སྒྲུབ་པའི་ཕྱོགས་ལ་ཏན་ཏན་རང་གཤིས་ཆགས་ཤིང་བསམ་བློ་སྨིན་ནས་ཡོད་པ་རེད།
རྒྱུན་སྲོལ་ལྟར་ན་གཞོན་ནུ་རྣམས་ཚོ་ཆུང་དང་གྲོགས་པོ་མཉམ་དུ་ཡུལ་ལུང་ཁྱིམ་མཚེས་ས་ཁུལ་སོགས་སུ་རིག་གནས་ལྗོངས་སྐོར་ལ་འགྲོ་བ་རེད། རི་ཁ་མཚོ་འགྲམ་ལ་འཆམ་པ་རེད། གློག་བརྙན་ཁང་དང་ལུས་རྩལ་ཁང་ལ་འགྲོ་བ་རེད།སྐབས་འདི་འདྲའི་དུས་ན། ཕ་མ་རྣམས་ཀྱིས་གྲོས་ཀྱི་ཚུལ་དུ་ཁ་བརྡ་གློད་ཅིང་བསམ་ཚུལ་འདོན་རེས་བྱེད། དཔེར་ན་ངས་བསམ་ན་འདི་བྱས་ན་དང་དེ་སྒྲུབ་ན་ཡག་པོ་ཡོད་ཀི་འདོད། འོན་ཀྱང་ཁྱོད་རང་གིས་ལྟས་ན་ག་རེ་བསམ་ཡོད། གཙོ་བོ་རང་གིས་བསམ་བློ་ཐོངས། དགའ་ཕྱོགས་འདེམས། གྲ་སྒྲིག་བྱོས། ཚོད་བལྟ་བགྱིས། ལག་ཏུ་ཕོབས་སོགས་ཟེར་ནས་སྤོབས་པ་ཁ་སྣོན་གྱི་ཚུལ་དུ་སྐུལ་འདེད་བྱེད་ཅིང་རང་དབང་གི་བསམ་བློ་གཏོང་བའི་བར་སྟོང་བུ་ཕྲུག་ལ་བསྐྲུན་དཔེ་བ་རེད། དེ་མ་གཏོགས་ཕ་མས་ངས་བཤད་པ་མི་འཕྱུག་དང་། ཁྱོད་ངའི་བུ་ཕྲུག་ཡིན་པས་ངའི་ཁར་མ་ཉན་ན་མི་ཆོག་སོགས་ཟེར་ནས་དབང་ཆ་ལོག་སྤྱོད་དང་། དྲག་ཤུལ་སློབ་གསོ། བཙན་གཅུན་ལམ་སྟོན་བྱེད་པ་མ་རེད།
མི་བུ་ཆུང་ཆུང་ཡིན་དུས་ནས་སོ་སོ་རང་གི་ནུས་པ་དང་བསམ་བློ་བཀོལ་སྤྱོད་གྱིས་ལས་ཀ་བཅའ་སྟངས། འགྲོགས་འདྲེས་བྱེད་སྟངས། སྒེར་ཚུགས་རང་གཤིས། ཤེས་ཡོན་ལྟ་གྲུབ་སོགས་ཚུགས་ཐུབ་པོ་ཡོང་བའི་ཕྱིར་དུ། ཨ་རིའི་གཞུང་ཁྲིམས་རྒྱུན་ཤེས་ནའང་བུ་ཕྲུག་ལ་ཕ་མས་བཙན་བཀའ་གཏོང་ཞིང་དབང་གཅུན་བྱེད་མི་ཆོག་པ་གཏན་ལ་ཕབ་བཟོ་བྱས་ཡོད་པ་རེད། སྤྱི་དམངས་སོ་སོའི་ངོས་ནས་ཀྱང་གཞུང་ཁྲིམས་དང་རྒྱུན་ཤེས་དེ་སོགས་སྤྱི་ལྡོག་ནས་ཤ་རྩ་རུས་རྩར་འཇགས་ཤིང་འཚོ་བར་གོམས་ནས་ཡོད་པ་ཞིག་རེད་དོ།།
རྩོམ་འདིའི་ཡོང་ཁུངས་འོད་དཀར་དྲ་ཚིགས་ཡིན།
Topic: ཨ་རི་བས་རང་གི་ཕྲུ་གུར་ཤེས་བྱ་སྦྱོང་རོགས་བྱེད།
No comments found.
New comment
Name
Subject
Comment
Please copy this text: 51522302d615
Menu
གློག་ཀླད་ལས་འཆར། Computer Project
བྱིས་སྐྱོང་བསླབ་བྱ།
སྐད་ཡིག་བསླབ་བྱ། Quotes
བསླབ་བྱ་གྲགས་ཆེན། Famous Quotes
ང་ཚོའི་སྐོར། About us
བྱིས་སྐྱོང་སློབ་གསོའི་མན་ངག་གཅེས་བཏུས།
བྱིས་པའི་གླུ་གཞས། Children's songs
བྱིས་པའི་བརྙན་འཕྲིན། Videos
ཐ་སྙད་གསར་བ།new vocabulary
བོད་ཡིག་སྦྱོང་ས། Learning Tibetan
སྒྲ་ལྡན་བྱིས་སྒྲུང་། Stories on MP3
འདྲ་པར། Event Photos
ཚོང་ཁང་། Shopping
ལོ་རེའི་སྙན་ཐོ། Annual report
བྱ་འགུལ། Events
སྣ་ཚོགས། Variety
གཡག་རྒོད་དང་འབྲེལ་བའི་གསར་འགྱྱར། Wildyaks in the news
Search site
Search site
Contact
Administrator
416-453-9887
admin@wildyaks.com
Homepage
Site map
RSS
Print