ཨ་རུའི་ནང་གི་སྐོར་བསྐྱོད།

གཡག་རྒོད་ལས་གཞི་དང་འབྲེལ་བའི་ཨ་རུའི་ནང་གི་སྐོར་བསྐྱོད་དང་སྒེར་གྱི་སེམས་

ཚོར་རེ་གཉིས།

མཁས་གྲུབ།

སྤྱི་ལོ་༢༠༡༡ལོའི་སྤྱི་ཟླ༧བདུན་པའི་ཚེས༦ཉིན།༧གོང་ས་༧སྐྱབས་མགོན་མཆོག་གི་སྐུའི་འཁྲུངས་སྐར་ཉིན་མོ་དང་བསྟུན་ང་ཚོ་དང་བླངས་པ་ཁ་ཤས་ཀྱིས་གཡག་རྒོད་རྩོམ་སྒྲིག་

ཚོགས་ཆུང་འདི་གསར་དུ་བཙུགས་ཏེ་དྲྭ་ཚིགས་དངོས་སུ་སྒོ་འབྱེད་བྱས་པ་ཡིན། 

མི་ལོ་ལྔ་ཧྲིལ་བོ།

ང་ཚོ་བོད་ཀྱི་བྱིས་པའི་སློབ་གསོའི་ལས་དོན་ལ་ཞུགས་ཏེ་ད་བར་དུ་ངག་རྒྱུན་སྒྲུང་གཏམ་བསྡུ་སྒྲིག་དང་།
ཕྱི་རྒྱལ་གྱི་བྱིས་སྒྲུང་བོད་ཡིག་ནང་བསྒྱུར་བ། བྱིས་གླུ།  ཁེད། ཐ་སྙད་གསར་བ་བསྡུ་སྒྲིག འདྲེ་སྒྲུང་།
དངོས་སྒྲུང་།
བྱིས་པ་གསོ་སྐྱོང་བྱེད་ཐབས་ཀྱི་ཆེད་རྩོམ་ལ་སོགས་པའི་བོད་ཀྱི་བྱིས་པའི་སློབ་གསོའི་སྐོར་གྱི་རྩོམ་ཡིག་གང་མང་མང་ཞིག་དྲྭ་ཚིགས་སུ་བཀོད་དེ།
ནུབ་ཕྱོགས་ཡུལ་གྲུ་ཁག་ན་ཁ་འཐོར་དུ་གནས་པའི་བོད་ཀྱི་ཕ་མ་དང་བུ་ཕྲུག་རྣམས་ལ་དྲ་ལམ་ནས་ཞབས་ཞུས་དང་ཞུ་མུས་ཡོད།

དཔེ་དེབ་པར་སྐྲུན་སྐོར།

ང་ཚོས་༼རྨི་ལམ་དང་མདུན་ལམ་འཚོལ་བ་༽ཞེས་པའི་སྒྲུང་དེབ་གཅིག་དང་།
༼ཀ་འཕྲེང་བྱིས་པའི་འཇུག་ངོགས༽ཞེས་པའི་ཀ་ཁ་སྦྱོང་བྱེད་ཀྱི་དཔེ་དེབ་གཅིག
༼གྱ་སྟོན།༽་ཞེས་པའི་ཚོན་བྱུགས་རི་མོའི་དེབ་གཅིག་བཅས་དཔེ་དེབ་གསུམ་དཔར་བསྐྲུན་བྱས་ཏེ།དེབ་གྲངས་སྟོང་ཕྲག་ལྔ་ལྷག་བོད་ཕྱི་ནང་གཉིས་སུ་རིན་མེད་དུ་འབུལ་ཐུབ་ཡོད།

སྤྱི་ལོ་༢༠༡༦ལོའི་ལས་གཞི།

 ཕ་ཡུལ་ཁམས་ནང་ཆེན་ནས་ཡིན་པའི་མཁན་པོ་ཚུལ་ཁྲིམས་རྣམ་དག་ཚང་གིས་རོགས་རམ་དང་མཐུན་འགྱུར་ལ་བརྟེན།༼རྨི་ལམ་དང་མདུན་ལམ་འཚོལ་བ་༽ཞེས་པའི་སྒྲུང་དེབ་དེ་བསྐྱར་དུ་དཔར་ཏེ།
བོད་ཕྱི་ནང་གཉིས་ལ་དེབ་གྲངས་སྟོང་ཕྲག་ཁ་ཤས་ཞལ་འདེབས་སུ་འབུལ་རྩིས་ཡོད།
མཁན་རིན་པོ་ཆེ་ཚང་ནི་རང་མི་རིགས་ལ་ལྷག་བསམ་མཆོག་ཏུ་དཀར་ཞིང་།
དུས་ནས་དུས་སུ་བོད་མི་རིགས་ཀྱི་རིག་གཞུང་དང་གོམ་གཤིས་སོགས་ཀྱི་སྐྱེ་འཆིར་ཐུགས་དགོངས་ཟབ་བཞེས་གནང་མཁན་ཞིག་གོ

ཁྱད་ཆོས།

གཡག་རྒོད་དྲྭ་ཚིགས་དང་གཡག་རྒོད་ཀྱིས་དཔར་བསྐྲུན་བྱས་པའི་དཔེ་དེབ་ཀྱི་ཁྱད་ཆོས་གཙོ་བོ་ནི།
བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཐུན་པའི་རི་མོ་ཡོད་པ་དང་།
བོད་མི་རིགས་ཀྱི་འཇིན་རྟེན་ལྟ་ཚུལ་དང་བྱམས་སྙིང་རྗེའི་ཀུན་ཁྱབ་རིན་ཐང་གཙིགས་སུ་འཛིན་པ། ད་བར་ཁྱོན་བསྡོམས་རི་མོ་༤༠༠་མ་ཟིན་ཙམ་བྲིས་ཏེ་དྲྭ་ཚིགས་དང་དཔེ་དེབ་ནང་བཀོད་ཡོད།

བྱིས་པའི་རིག་གནས་རིན་ཐང་།

དམངས་ཁྲོད་དུ་བྱིས་པའི་རིག་གནས་ལ་དོ་སྣང་འཕེལ་ཕྱིར།
བོད་ཀྱི་བྱིས་སྒྲུང་རི་མོའི་འགྲེམ་སྟོན་ཞེས་པའི་མིང་བྱང་འོག་ཏུ།
ས་གནས་སུ་བྱིས་སྒྲུང་རི་མོའི་འགྲེམ་སྟོན་ཐེངས་གསུམ་བྱས་མྱོང་།

ད་ལྟ་ཕྱི་རྒྱལ་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ཁྲོད་ཕྱི་རྒྱལ་ཡི་གེ་བཀོལ་ཤུགས་ཧ་ཅང་ཆེན་པོ་ཡིན་པའི་རྒྱུ་མཚན་གྱིས་མི་རིགས་ཐུན་མོང་གི་ཚེ་སྲོག་བོད་སྐད་ཡིག་དེ་ཉེན་ཁའི་གནས་སུ་ང་ཚོ་རང་ཉིད་ཀྱིས་འདེད་བཞིན་པའི་དངོས་ཡོད་ཀྱི་གནས་སྟངས་ལ་གཞིགས་ཏེ།སྐབས་སྐབས་སུ།
བོད་མི་འདུས་སྡོད་བྱེད་སར།
བོད་སྐད་ཡིག་དར་སྤེལ་གྱི་བྱ་འགུལ་ཡང་གང་ཐུབ་སྤེལ་དང་སྤེལ་མུས་ཡིན།མ་འོངས་པར་མི་རིགས་འཚོ་གནས་ལ་དམིགས་ཏེ་ངོ་རྒོལ་གྱི་བྱ་འགུལ་ཡང་སྤེལ་འཆར་གཞི་ཡོད།

ཡིན་ནའང་། སྤྱི་ཚོགས་ཞབས་ཞུའི་ལས་གཞི་ཞིག་ལ་མཚོན་ན།
གནས་སྐབས་ཙམ་མ་ཡིན་པར།ཕུགས་རྒྱང་རིང་བོར་དམིགས་ཏེ་ལས་གཞི་ཡར་རྒྱས་གོང་འཕེལ་དུ་གཏོང་དགོས་པ་དེ་ཧ་ཅང་གལ་ཆེན་དུ་སྙམ།
ང་ཚོ་ཚོགས་མི་ནང་ཁུལ་དུ་གླེང་མོལ་བརྒྱུད་ནས་གཡག་རྒོད་ལས་གཞི་འདི་རིམ་གྱིས་ཁྲིམས་མཐུན་གྱི་ཚོགས་པ་ཞིག་ཏུ་བསྒྱུར་ཏེ།
བོད་མི་རིགས་ལ་མི་རབས་ནས་མི་རབས་པར་བྱིས་པའི་སློབ་གསོའི་སྐོར་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་གནས་རིམ་དུ་དེབ་སྐྱེལ་ཐུབ་པ་བྱ་རྒྱུའི་གྲོས་འཆམ་བྱུང་བ་དང་འབྲེལ།
བྱང་ཨ་རིར་རྟེན་གཞི་བྱས་པའི་འབྲེལ་ཡོད་ཚོགས་སྡེ་དང་།
མི་སྣ་གལ་ཆེན།མི་སྣ་ཉམས་མྱོང་ཅན།ཤེས་ཡོན་ཅན།
ལས་དོན་འདི་ལ་དགའ་ཞེན་ཡོད་པའི་གང་ཟག་རྣམས་ཀྱི་མདུན་དུ་བཅར་ཏེ།
ལམ་སྟོན་དང་དགོངས་འཆར་ལ་གསན་པ། འབྲེལ་ལམ་གསར་འཛུགས་སོགས་ལ་དམིགས་ནས།ཨ་རིའི་བོད་ཁང་དང་།
ཨ་རིའི་ཐེབས་རྩ་ཁང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་།
ཨ་རིའི་སྐུ་ཚབ་དོན་གཅོད་ཁང་།
ནིག་ཡོག་བོད་རིགས་སྤྱི་མཐུན་ཚོགས་པ་སོགས་ལ་དང་པོར་ཡིག་འབྲེལ་བྱས་ཏེ།གཡག་རྒོད་ལས་གཞི་ངོ་སྤྲོད་དང་།
ཐུག་འཕྲད་ཀྱི་གོ་སྐབས་བཙལ་བ་ཡིན།

ཨ་རིའི་སྐུ་དོན་གཅོད་ཁང་དང་ནིག་ཡོག་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་མ་གཏོགས།
གཞན་ཚོགས་སྡེ་ཚང་མས་དུས་ཐོག་ཏུ་ཡིག་ལན་གནང་བ་མ་ཟད།དགའ་ཞིང་སྤྲོ་བའི་ངང་ང་ཚོར་དངོས་སུ་ཐུག་འཕྲད་ཀྱིས་བཀའ་སློབ་ལམ་སྟོན་དང་དོན་ཕན་ལྡན་པའི་གྲོས་གཞི་གང་མང་ལྷུག་གསུང་གནང་བྱུང་བར་བཀའ་དྲིན་ཆེ།

གཡག་རྒོད་ལས་གཞི་དང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་ཁ་ཤས་ལ་དམིགས་བསལ་འབྲེལ་བ་ཡོད་པ་དང་།
གཡག་རྒོད་ལས་གཞི་དང་དོན་གཅོད་ཁང་གི་ལས་གཞི་ཁ་ཤས་པར་མཉམ་འབྲེལ་གྱི་གོ་སྐབས་དང་།
ཕན་ཚུན་མཐུན་འགྱུར་དང་རོགས་རམ་གྱི་གོ་སྐབས་ཡོད་སྲིད་དམ་བསམ་ཏེ།
ཡིག་འབྲེལ་ཐེངས་གཉིས་བྱས་པ་ཡིན།
ཡིག་འབྲེལ་དང་པོའི་སྐབས་སུ་འབྱོར་ལན་ཙམ་ཡང་སྤྲད་མེད་ཀྱང་།ཡིག་འབྲེལ་ཐེངས་གཉིས་པའི་སྐབས་སུ།
འབྱོར་ལན་ཞིག་གནང་བའི་ནང་། ཁྱེད་ཀྱི་ཡི་གེ་སྔོན་མ་ནས་འབྱུར་བྱུང་ནའང་།
སྐུ་ངོ་དོན་གཅོད་མཆོག་བྲེལ་ཟིང་ཆེ་སྟབས་དུས་ཚོད་མི་འདུག་ཅེས་གསུང་ནས།
རྗེས་མར་འབྲེལ་བ་བྱེད་འོང་གསུང་ཡོད་ཀྱང་དེའི་རྗེས་ནས་ཡིག་འབྲེལ་གང་ཡང་གནང་མ་བྱུང་།

དེ་ནས་ད་ཐེངས་ཀྱི་འགྲུལ་བཞུད་འདིའི་ཁྲོད་ཆེས་སྤྲོ་སྣང་འཕེལ་བའི་བྱ་བ་ནི།
གཡག་རྒོད་ལས་གཞི་ལ་ལོ་མང་རིང་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་མང་པོ་ཞིག་དང་དངོས་སུ་ཐུག་འཕྲད་བྱུང་བ་དང་།
དམིགས་བསལ་དུ་ ལོ་ལྔ་ལྷག་རིང་གི་ལས་གྲོགས་བཟང་བོ།
མི་རིགས་དང་རིག་གནས་ལ་ལྷག་བསམ་དཀར་བ། གཡག་རྒོད་ལས་གཞིའི་རྐང་འཛིན་པ་ལྕགས་མོ་འཚོ་ལགས་སུ་དངོས་སུ་ཐུག་འཕྲད་དང་།
སྒྲོལ་དཀར་ལགས་དང་གུ་རུ་ཆོས་སྐྱིད་ལགས་སོགས་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་གལ་ཆེན་མང་པོར་དངོས་འཕྲད་ཀྱི་གོ་སྐབས་བྱུང་།

མ་འོངས་ལས་འཆར།

ཡང་ཕྱོགས་གཞན་ཞིག་ནས་བལྟས་ན།
ད་ལྟ་བྱིས་པའི་སློབ་གསོའི་ལས་གཞི་གཉེར་མཁན་གྱི་ཚོགས་སྡེ་དང་སྒེར་བ་བོད་ཕྱི་ནང་གཉིས་སུ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།
ལྷག་པར་དུ་བོད་ནང་དུ་བཞུགས་པའི་ཤེས་འཇོན་བློ་སྤོབས་ལྡན་པའི་གཞོན་སྐྱེས་ཤེས་ཡོན་པ་ཁག་ཅིག་གིས་བོད་སྐད་ཡིག་དང་རིག་གནས་ཀྱི་རྨང་གཞིའི་བྱིས་པའི་སློབ་གསོའི་བྱ་བ་སྒྲུབ་སྟངས་ལ་བསམ་གཞིགས་བྱས་ན།
ང་ཚོའི་ལས་གཞི་ཆུང་ཆུང་འདིར་བརྗོད་རིན་དང་གླེང་རིན་བྲལ་བར་སྣང་ཡང་།མ་འོངས་ལས་འཆར་གྱི་སྐོར་ནས་ཕྲན་བུ་གླེང་བ་ཡིན་ན།ད་དུང་
དཔར་དུ་འགོད་མ་ཐུབ་པའི་དཔེ་དེབ།
༼རྒྱལ་སྲས་ལྷ་མོ་དོན་འགྲུབ་༽ཅེས་པའི་བདག་ཅག་གི་སྟོན་པའི་མཛད་པ་དང་འབྲེལ་བའི་བྱིས་སྒྲུང་རི་མོ་ཅན་གཅིག་དང་།༼པདྨ་མཚོ་དང་རྟ་རྒྱུགས༽ཞེས་པའི་ཕོ་མོ་དབྱེ་འབྱེད་ཀྱི་རྩོད་རྙོག་དང་འབྲེལ་བའི་བྱིས་པའི་དེབ་གཅིག 
༼རང་དབང་དང་བདེ་སྐྱིད་འཚོལ་བ།༽ཞེས་པའི་ཡུལ་གྱར་བའི་ལོ་རྒྱུས་དང་འབྲེལ་བའི་བྱིས་པའི་སྒྲུང་གཅིག 
རི་མོ་ཅན་གྱི་བྱིས་པའི་ཚིག་མཛོད་གཅིག་བཅས་བཞི་ཡོད།

དེ་མིན་བྱིས་པ་ལོ་བཞི་ནས་བདུན་ཅན་གྱི་ལོ་ཚོད་དང་མཐུན་པའི་བྱིས་སྒྲུང་གི་ལས་འཆར་གཅིག
གཞན་ཕྱི་རྒྱལ་ཡུལ་གྲུ་ཁག་ན་བཞུགས་པའི་བྱིས་པ་རྣམས་ལ་དམིགས་པའི་པར་རིས་ཅན་གྱི་ཀློག་དེབ་གཅིག་བཅས་དཔར་བསྐྲུན་འཆར་གཞི་ཡོད།

བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྐུ་ཞབས་སྐལ་རྡོར་ལགས་ཀྱིས་ང་ཚོར་ཡ་ལན་མ་གནང་བ་ནི་ང་ཚོ་མི་སྒེར་ལ་སྣང་ཆུང་གནང་བ་ཞིག་མིན་ནའང་།
སྤྱི་ཚོགས་ཀྱི་དབུ་ལ་སྡོད་མཁན་གྱི་མི་ཞིག་ཡིན་པའི་ཆ་ནས།
ལས་གཞིའི་ཆེ་ཆུང་ལ་མ་ལྟོས་པར།
མི་རིགས་ཀྱི་ལས་དོན་དང་འབྲེལ་བའི་སྤྱི་སྒེར་གྱི་ལས་འཆར་དག་ལ་དོ་སྣང་ཅུང་ཟད་སྤྲད་ན།
མ་འོངས་པར་བོད་སྐད་ཡིག་རིག་གནས་རྒྱུད་འཛིན་དང་།བོད་རིགས་བྱིས་པ་རྣམས་བོད་མི་རྣལ་མ་རུ་འགྱུར་བར་དགེ་ཕན་ཡོད་པར་སེམས་སོ།

མཐའ་དོན།
ང་ཚོ་བོད་གངས་ཅན་པའི་ཡུལ་གོམས་གཤིས་ལུགས་བཟང་བོ་རྣམས་རང་གི་ལས་ངག་ཡིད་གསུམ་ལ་ཤ་འདྲེས་དང་བག་འདྲེས་སུ་གྱུར་བའི་དགའ་ཉེ།
སྤུན་མཆེད། གྲོགས་པོ། གྲོགས་མོ། ཤེས་ལྡན་མི་སྣ་དང་། སྤྱི་ཚོགས་ཀྱི་དབུ་ཁྲིད་མང་པོ་མཇལ་རྒྱུ་བྱུང་བས་ད་ཐེངས་ཨ་རིའི་ནང་གི་སྐོར་བསྐྱོད་དེ་ཧ་ཅང་སྐྱིད་པོ་དང་སྤྲོ་སྣང་ལྡན་པ་ཞིག་བྱུང་།
ཚང་མར་བཀའ་དྲིན་ཆེ།



Topic: ཨ་རུའི་ནང་གི་སྐོར་བསྐྱོད།

mine online tadalafil afford

AFrauckcica | 21/06/2020

<a href="https://cialisle.com/">buy cialis</a>

New comment