༄༅།།ཁྱིམ་བདག་གིས་བྱིས་པ་དང་ངེས་པར་གླེང་དགོས་པའི་གཏམ།

གྲུ་ཆུང་གིས་བསྒྱུར།

 

༡ རང་ཉིད།

 

        སློབ་གྲྭ་རུ་ཐོག་མར་ཁྱོད་ཀྱིས་དགེ་རྒན་ལ་བརྩི་བཀུར་བྱ་དགོས་པ་ལས།  དགེ་རྒན་གྱིས་ཁྱོད་ལ་གཉོར་སྐྱོང་བྱ་དགོས་པའི་འོས་འགན་མེད་ཅིང་།  སྔོན་ལ་ཁྱོད་ཀྱིས་སློབ་གྲོགས་ལ་སེམས་ཁུར་བྱ་དགོས་པ་ལས།  སློབ་གྲོགས་ཀྱིས་ཁྱོད་ལ་སེམས་ཁུར་བྱ་དགོས་པའི་འོས་འགན་ཡང་མེད།  ཁྱོད་ཀྱི་མི་ཚེའི་ནང་།  ཁྱོད་ཀྱི་ཕ་མ་ལས་གཞན་སུ་ལའང་ཁྱོད་ཀྱི་སྟེང་བཟང་དགོས་པའི་འོས་འགན་མེད།  འཇིག་རྟེན་དུ།  རང་ཉིད་མེད་པས་སའི་གོ་ལའི་འཁོར་མཚམས་འཇོག་སྲིད་པའི་སྟོང་བསམ་བཅངས་མི་རུང་ལ།  ཡང་རང་ཉིད་ནི་ཧ་ཅང་ཉམ་ཆུང་གི་འབུ་སྲིན་ཞིག་ཏུ་བསམ་ནས་ཡིད་ཆེས་དང་རང་བརྩི་མེད་པ་ཞིག་ཀྱང་གཏན་ནས་བྱ་མི་རུང་།

 

༢ གྲོགས་པོ།

 

        གྲོགས་སྒྲིག་པ་ནི་མ་དངུལ་གཏོང་བ་དང་མཚུངས་ཏེ།  མ་དངུལ་གཏོང་དུས་དྲིན་ལན་འཇལ་རྒྱུར་ངེས་པར་བསམ་བློ་གཏང་དགོས་ཤིང་།  གལ་ཏེ་ཁྱོད་ཀྱིས་གྲོགས་པོ་ཞིག་རྙེད་ཀྱང་གྲོགས་པོ་དེ་ཅི་ཡིན་འདི་ཡིན་མེད་པར་ཁྱོད་དང་ཁ་གྱེས་པ་ཡིན་ན།  དེ་ནི་ཁྱོད་ཀྱིས་མ་དངུལ་བཏང་བ་མ་འདང་པས་ལན།  རང་ཉིད་ལས་འཇོན་པའི་མི་དང་གྲོགས་སྒྲིག་དུས།  སེམས་སུ་ངེས་དགོས་པ་ཞིག་ནི།  གྲོགས་དེ་དཀའ་ཁག་ལ་འཕྲད་དུས་ངེས་པར་རོགས་འདེགས་བྱ་དགོས་ཏེ།  སྐྱིད་ཀྱི་རྟ་བོར་མཉམ་ཞོན་གྱི་གྲོགས་པོས་བརྗེད་སྐྱེན་ཞིང་སྡུག་གི་ཁུར་བོ་མཉམ་ཁུར་གྱི་གྲོགས་པོས་བརྗེད་དཀའ་བ་ཞིག་ཡིན་པས་སོ།།

 

༣ བརྩེ་དུང་།

 

        ནམ་ཞིག  ཁྱོད་ཀྱིས་མཛའ་གྲོགས་ཤིག་ཅིས་ཀྱང་འཚོལ་ངེས་པས། རང་ཉིད་བརྒྱུད་ཟིན་པའི་ཉམས་མྱོང་ལས་གདམ་འདོད་པ་ནི།  མེ་ཏོག་དང་ཟླ་འོད་ཁྲོད་ཀྱི་འཆམ་འཆམ་དེ་ནམ་ཡང་ཡི་གར་འོངས་པ་ཞིག་ཡིན་ལ།  གཅམ་བུའི་སྐད་ཆས་དེ་བས་ཀྱང་མི་སེམས་བཟི་བར་བྱེད་པས་དངོས་ཡོད་འཚོ་བ་ནི་ཆར་རླུང་གིས་གྲུབ་པ་བརྗེད་མི་རུང་།  བརྩེ་དུང་ལ་ཁྱོད་མོ་ལ་དགའ་ཡང་མོ་ཁྱོད་ལ་མི་དུངས་པ་དང་།  མོ་ཁྱོད་ལ་དུངས་ཀྱང་ཁྱོད་མོ་ལ་མི་དགའ་བ།  ཡང་ན་གཉི་ཀ་ཕན་ཚུན་ལ་བརྩེ་འདང་ཡོད་པ་བཅས་ལས་ཆེས་རྗེས་མ་དེར་ཀུན་གྱིས་ཡིད་སྨོན་བྱེད་ཀྱང་།  བསམ་ཐོག་འགྲོ་བ་ཕལ་ཆེར་10%ལས་མེད་པས།  བརྩེ་དུང་གི་བསླུ་བྲིད་ལ་ཐལ་དྲགས་པའི་ཡིད་སྨོན་བྱ་མི་རུང་ལ།  བརྩེ་དུང་གི་གས་ཆག་ལའང་ཐལ་དྲགས་པའི་སྡུག་བསྔལ་བྱ་མི་དགོས།

 

༤ བར་ཐག

 

        ཕ་མ་ཞིག་ཡིན་ཕྱིན།  སུས་ཀྱང་རང་གི་བུ་ཕྲུག་དང་བར་ཐག་ཉེ་རུ་བཅར་བར་རེ་མོད།  འོན་ཀྱང་།  ཁྱོད་ཚོ་ནར་སོན་པ་དང་བསྟུན་ནས།  ཁྱོད་ཚོ་ལ་དབང་བའི་ནམ་མཁའ་སྔར་ལས་རྒྱ་ཆེ་ཡང་།  ཕ་མ་དང་བར་ཐག་ཇེ་རིང་ནས་ཇེ་རིང་ཡིན།  ཕ་མས་ནམ་ཡང་རང་ཉིད་ཀྱིས་བུ་ཕྲུག་གི་འཇིག་རྟེན་དུ་ས་རྒྱ་ཇི་འདྲ་ཞིག་ཟིན་ཡོད་མེད་ལ་དོ་སྣང་བྱེད་ཅིང་།  ཕ་མའི་སེམས་ཁམས་ཀྱི་འཇིག་རྟེན་དང་བུ་ཕྲུག་གི་སེམས་ཁམས་ཀྱི་འཇིག་རྟེན་ཏག་ཏག་ཕན་ཚུན་འགལ་ཟླར་གྱུར་ཡོད་པས།  ཉིན་རེར་རྒས་པར་གྱུར་བ་དང་ཁོང་ཚོའི་འཇིག་རྟེན་དེ་རིམ་བཞིན་ཇེ་ཆུང་ཡིན།  སུ་ཡིན་ཡང་ཚང་མར་བརྩེ་བ་ལྡན་ཞིང་།  ཚང་མས་ཁྱེད་ཀྱིས་སེམས་ཁུར་བྱེད་མིན་ལ་དོ་སྣང་བྱ་ངེས།  ཕ་མའི་བརྩེ་བར་ཕྱི་ཐག་རིང་བ་ཁྱོད་ཀྱིས་རྟོགས་སམ།

 

༥ ཐོབ་ཤོར།

 

        མི་ཞིག་ཡིན་ཕྱིན།  དེ་འདྲའི་ང་རྒྱལ་བྱ་མི་རུང་ལ་ཕངས་སེམས་ཀྱིས་མནར་བ་ཞིག་ཀྱང་བྱ་མི་རུང་།  ང་རྒྱལ་སྐྱེ་སྐབས་ཁྱོད་ངེས་པར་རྨོངས་པ་ལས་སད་དགོས། འཇིག་རྟེན་འདིར་ཁྱོད་ལས་འཕགས་པའི་མི་ཧ་ཅང་མང་བས།  རང་ཉིད་ཧ་ཅང་ཆུང་ཆུང་ཞིག་ཡིན་པ་ངེས་དགོས།  ཕངས་སེམས་སྐྱེ་དུས།  བློ་མི་ཞུམ་པར་རྒྱུན་འཁྱོངས་བྱོས་དང་།  འདས་སོང་གི་ལོ་ཟླའི་ནང་ཇི་ལྟར་ཐོན་ཞིང་ད་ལྟ་ཇི་ལྟར་འགྲོ་རྒྱུར་བསམ་བློ་ཐོངས།

 

༦ གཉེན་ཉེ།

 

        གཉེན་ཉེ་ལ་ཐེངས་གཅིག་གི་ལས་དབང་ལས་མེད་པས་ཚེ་འདིར་མཉམ་འགྲོ་མི་ཐུབ་རུང་དཀའ་སྡུག་གང་ལ་འཕྲད་ཀྱང་།  ཡོད་ཚད་ཁྱོད་ཀྱི་ཆེད་དུ་ཆར་འགོག་རླུང་འགོག་བྱེད་ཅི་ཐུབ་བྱེད་ཅིང་ནམ་ཡང་ཁྱོད་ཀྱི་སྐྱོ་རོགས་དང་སྡུག་རོགས་ཡིན།  ཚེ་འདིར་མཉམ་འདུག་གི་དུས་ཡུན་རིང་ཐུང་ཇི་འདྲ་ཡིན་ཡང་།  ཁྱོད་ཀྱིས་མཉམ་འཛོམས་ཀྱི་སྐར་ཆ་རེ་རེ་ལའང་དམ་འཛིན་གནང་རོགས།  སྐྱེ་བ་རྗེས་མར་ལྷན་འཛོམས་ཀྱི་གོ་སྐབས་ཧ་ཅང་ཕྲ།