༄༅།།རྒྱུགས་སྐར་ཀྱིས་བྱིས་པའི་ཚེ་གཅིག་གི་མདུན་ལམ་ཐག་གཅོད་བྱེད་མི་ཐུབ།

རྩོམ་པ་བོ་ཚེ་ཡོན་ཕེ། 

བསྒྱུར་བ་བོ་རླངས་ཚ་སྐལ་རྒྱམ།

 

ཁྱིམ་ཚང་གི་སློབ་གསོས་བྱིས་པའི་མ་འོངས་པའི་འཕེལ་རྒྱས་དང་མདུན་ལམ་ལ་ཤུགས་རྐྱེན་ཐེབས་པ་དང་།བྱིས་པའི་སློབ་གསོ་དེ་ཕ་མ་ལ་ངེས་པར་རག་ལས་པ་ཡིན།དེ་བས་ཡང་དག་པའི་ཁྱིམ་ཚང་གི་སློབ་གསོ་ནི་ཅི་ལྟ་བུ་ཞིག་ཡིན་ཟེར་ན།ང་ཚོ་ནི་དེང་རབས་ཀྱི་ཕ་མ་ཞིག་ཡིན་པའི་ཆ་ནས་དེང་རབས་ཀྱི་བྱིས་པར་སློབ་གསོ་ཅི་ལྟར་གཏོང་དགོས་པ་ངེས་པར་དུ་ཤེས་དགོས།དེང་སྐབས་ཕ་མ་གང་མང་ཞིག་གིས་སློབ་གསོ་ནི་བྱིས་པའི་རིག་སྒོ་འབྱེད་བྱེད་ཅིག་དང་ཤེས་རིག་གསར་བསྐྲུན་གྱི་ལག་ཆ་ཁོ་ནར་བསམ་ནས།བྱིས་པའི་བསམ་བློ་གསོ་སྐྱོང་གི་རྩ་དོན་བོར་ནས་རང་ཉིད་ཀྱི་བྱིས་པ་ལོ་གཉིས་དང་གསུམ་གྱི་སྟེང་ནས་བཟུང་ལེགས་བཤད་དང་གཏམ་རྒྱུད་སོགས་བློར་འཛིན་དུ་འཇུག་པ་དང་།ལོ་བཞི་དང་ལྔའི་ཐོག་ནས་ཡི་གེ་ངོས་འཛིན་བྱེད་དུ་འཇུག་པ་མ་ཟད།བྱིས་པ་སློབ་གྲྭར་འགྲིམས་རྗེས་རང་ཁྱིམ་ལ་དགེ་རྒན་གདན་འདྲེན་ཞུ་བ་དང་།གསབ་སྦྱོང་འཛིན་གྲྭར་ཞུགས་སུ་བཅུག་ནས་ངེས་པར་དུ་སྐར་འབྲས་འབུར་དུ་ཐོན་པ་སོགས་བྱས་ཏེ་མ་འོངས་པར་མིང་གྲགས་ཆེ་བའི་སློབ་གྲྭ་ཆེན་མོའི་སྒོ་ཐེམ་ལ་སྤོ་དགོས་པའི་འདུན་པ་ཆེན་པོ་ཡོད་པ་ཡིན།འདི་འདྲ་བྱས་ཚེ་ད་གཟོད་ཕ་མའི་སློབ་གསོར་རྒྱལ་ཁ་ཐོབ་པ་དང་བྱིས་པ་ཁོ་རང་འཇོན་ནུས་ཅན་དུ་འགྱུར་ཐུབ་པའི་གདེང་ཚོད་སྐྱེས་བཞིན་ཡོད།དེང་རབས་སློབ་གསོའི་ལག་ལེན་གྱིས་བདེན་དཔང་བྱས་པ་ལྟར་ན།གོང་གི་བྱེད་ཐབས་འདི་རིགས་ནི་ཁྱིམ་ཚང་གི་སློབ་གསོའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་མ་ཟད།རིམ་འཕར་སློབ་གསོ་ལས་ཁྱིམ་ཚང་གི་སློབ་གསོར་ཐེབས་པའི་ཆེས་མི་ལེགས་པའི་མཇུག་འབྲས་ཤིག་ཀྱང་ཡིན།དེ་བས་ཁྱིམ་ཚང་གི་སློབ་གསོའི་གལ་ཆེ་བའི་འོས་འགན་ནི་བྱིས་པ་ཆུང་དུས་ཀྱི་བསམ་བློ་བདེ་ཐང་དང་སྐྱོན་བྲལ་ངང་མི་གཞི་ལེགས་པོ་ཞིག་བསྐྱེད་བསྲིང་བྱ་རྒྱུ་ནི་ཆེས་གནད་འགག་དུ་གྱུར་བའི་དོན་ཆེན་ཞིག་ཡིན།

 

གལ་ཏེ་བྱིས་པ་ཚོར་ཚེ་སྲོག་གི་རིན་ཐང་དང་མི་ཚེའི་རིན་ཐང་གི་ངེས་ཤེས་ཞན་པར་འགྱུར་བའམ་དམིགས་ཡུལ་དང་ཕུགས་བསམ་མེད་པ་ཡིན་ན།རང་ཉིད་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མེད་པ་དང་།གཞན་དང་མཉམ་སྤྱོད་བྱེད་པའི་བདེ་སྡུག་གི་ངོ་བོ་མི་ཤེས་པ་ཞིག་ཏུ་འགྱུར་ཉེན་ཆེ་བས།དེ་འབྲེལ་གྱི་སློབ་གསོའི་ཁོར་ཡུག་ལས་འཚར་བའི་བྱིས་པ་ཞིག་ལ་ཆ་མཚོན་ནས་བཤད་ན་བསླབ་འབྲས་ཨང་དང་བོ་ཡིན་ཡང་བྱིས་པའི་འཇོན་ནུས་སྐྱོན་ཅན་དུ་འགྱུར་བ་ཡིན་པ་ནི་གཞན་ཕན་གྱི་བསམ་སྦྱོར་སོགས་ཀྱི་གཞི་འཛིན་ས་ཅི་ཡང་མེད་པས་རེད།ད་ལྟ་ང་ཚོས་དེང་རབས་སྤྱི་ཚོགས་ཀྱི་གནས་སྟངས་ལས་བཅོས་བསྒྱུར་གཏོང་དགོས་པ་ཉག་ཅིག་ནི་ཕ་མ་དང་ཕ་མའི་སློབ་གསོ་གཏོང་སྟངས་ཀྱི་ལྟ་བ་ཁ་ཁྱེར་ཅན་དེ་དག་རེད།དེ་བས་ཡང་དག་པའི་ཁྱིམ་ཚང་གི་སློབ་གསོ་གཏོང་སྟངས་ནི་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན།དེ་ནི་ཕ་མས་བྱིས་པའི་ལུས་སྲོག་བདེ་ཐང་དང་སེམས་ཁམས་འཚར་སྐྱེས་ཀྱི་འཕེལ་ཕྱོགས་ལ་རོགས་འདེགས་བྱས་ཏེ་མི་ཚེའི་རིན་ཐང་གི་གར་སྟེགས་ལེགས་པོ་སྐྲུན་རྒྱུ་དང་།འགྲོགས་བདེ་གཤིབ་བདེའི་མི་གཤིས་ལེགས་པོ་ཞིག་བསྐྱེད་བསྲིང་བྱེད་པ།སྤྱོད་ཡོན་གཉིས་ལྡན་གྱི་རྒྱལ་ཁའི་དོན་སྙིང་ངོ་མ་དེ་རྟོགས་སུ་འཇུག་རྒྱུ་དེ་ཡིན།དེ་བཞིན་ཕ་མས་སློབ་གསོ་གཏོང་སྟངས་ཀྱི་ལྟ་བར་འགྱུར་ལྡོག་བྱུང་ཚེ།ད་གཟོད་བྱིས་པས་ཁྱིམ་ཚང་གི་སློབ་གསོ་ཆ་ཚང་ཞིག་གམ་ཡང་ན་སློབ་གསོ་ལེགས་པོ་ཞིག་མྱངས་ནས་མི་ཚེའི་རིན་ཐང་གི་སྙིང་བོར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ངེས་པ་ཡིན་པས།ང་ཚོས་མཉམ་དུ་ཕ་མར་བཏོན་པའི་ཆེས་གནད་འགག་གི་སློབ་གསོའི་ཁྲིད་སྟོན་བརྒྱད་ལས་ཤེས་པར་བྱ།

 

 


 

གཅིག ཅི་ལྟར་བྱིས་པའི་སྤྲོ་སྣང་ཡར་རྒྱས་ཀྱི་སེམས་ཁམས་གསར་འཛུགས་བྱེད་དགོས།

༡ དོན་དངོས་དང་ལེན་ལ་འཇུག་རྒྱུ་ནི་བྱིས་པ་སྤྲོ་སྣང་གི་ཕྱོགས་སུ་བསྐྱོད་པའི་གོམ་པ་དང་པོ་ཡིན།

༢ སྤྲོ་སྣང་གི་གཤིས་ཀ་གསོ་སྐྱོང་བྱས་ཏེ་བྱིས་པར་འཚོ་བའི་ཁྲོད་ཀྱི་དཀའ་ཁག་བློ་བདེ་བག་ཕེབས་ཀྱིས་གདོང་ལེན་བྱེད་དུ་འཇུག་པ།

༣ བྱིས་པར་རྒྱུན་ལྡན་གྱི་སེམས་ཁམས་ལྷོད་པོ་ཞིག་ཆགས་པར་རྒྱུན་འཁྱོངས་བྱེད་དུ་འཇུག་པ།

༤ བྱིས་པའི་བསམ་གཞིགས་ཀྱི་ནུས་པ་མང་པོ་ཞིག་སེམས་ཁྲལ་གྱི་སྟེང་དུ་སིམ་ཡོད་པས་གཞན་རྐྱེན་ནུས་འདོན་གྱི་ཕྱོགས་སུ་མི་ཁྲིད་པ།

༥ ཀུ་རེའི་རྣམ་པའི་སྟེང་ནས་བྱིས་པའི་དོན་དངོས་ཀྱི་ནུས་པ་ཕྱིར་འདོན་བྱེད་དུ་འཇུག་པ།

གཉིས། བྱིས་པར་དྲིན་གཟོ་བསླབ་ནས་དཀྱེལ་ཡངས་གཏོང་ཕོད་ཀྱི་བསམ་བློ་ཆགས་པར་བྱེད་པ།

༡ བྱིས་པར་སེམས་རྒྱ་ཆུང་ན་མི་ཚེ་ཧྲིལ་བོ་སྡུག་བསྔལ་ཡིན་པ་རྟོགས་པར་བྱེད་དགོས།

༢ བརྩེ་སེམས་ཡོད་པར་གྱུར་ན་སློབ་གཉེར་དང་མཛེས་དཔྱོད་ཀྱི་སྒུལ་ཤུགས་ཡོད་ངེས་པ་ཤེས་རྒྱུ།

༣ ཆག་སྒོ་སློང་བ་ལ་བརྟེན་ནས་བཅོས་བསྒྱུར་གྱི་འདུ་ཤེས་ཆགས་པར་བྱེད་པ།

༤ བྱིས་པའི་གདུག་རྩུབ་ཀྱི་བྱ་སྤྱོད་དུས་ལྟར་དག་སེལ་དང་འདོར་དུ་འཇུག་པ།

༥ དྲིན་གཟོའི་ནུས་པ་དང་ཕན་ཡོན་རྟོགས་སུ་བཅུག་ནས་འཚར་ལོངས་ཀྱི་ཉི་འོད་འཚོལ་ཤེས་པར་བྱེད་པ།

གསུམ། བྱིས་པར་ཕམ་ཁ་ལ་གདོང་གཏུགས་ཐུབ་པའི་སྙིང་སྟོབས་བསྐྱེད་སྲིང་བྱེད་པ།

༡ བྱིས་པ་ནི་ལུས་སེམས་ཆ་ཚང་འཚར་སྐྱེས་མེད་པའི་ཉམ་ཆུང་གི་གནས་སུ་ཡོད་པས་ཕམ་ཁར་དྲང་བདེན་གྱིས་གདོང་གཏོད་ཕོད་པའི་སྙིང་སྟོབས་བསྩོལ་དགོས།

༢ བྱིས་པའི་ཤེས་རྟོགས་ཀྱི་ནུས་པ་སྣང་མེད་དུ་མི་འཇོག་པར་གསོ་སྐྱོང་བྱེད་དགོས།

༣ དཀའ་ཚེགས་ལ་རྒྱུས་མེད་པའི་བྱིས་པ་ནི་སྤྱི་ཚོགས་ལ་ཟབ་ཞུགས་བྱེད་ཁག་པོ་ཡིན་པ་ཤེས་སུ་འཇུག་དགོས།

༤རང་རློམ་གྱིས་རང་དམན་གྱི་བསམ་པའི་གནས་སྟངས་ཚབ་བྱེད་པ།

༥ རྒྱུན་པར་བྱིས་པའི་ཕམ་ཁར་ལེ་བདའ་དང་སྡིགས་དམོད་བོར་ན་བྱིས་པ་དེ་ནུས་མེད་དུ་འགྱུར་ངེས།

༦ བྱིས་པའི་བྱས་འབྲས་བཟང་བོ་ལ་གཟེངས་བསྟོད་བྱེད་དགོས།ཡིན་ཡང་ཚད་བརྒལ་གྱི་བསྟོད་བསྔགས་བྱེད་མི་རུང་།

བཞི། བྱིས་པའི་རང་རྟོགས་རང་སྲུང་གི་ནུས་པ་བསྐྱེད་སྲིང་བྱེད་དགོས།

༡ བྱིས་པར་བདེ་འཇགས་ཀྱི་རྒྱུན་ཤེས་བསླབ་ནས་ཞི་འཇགས་ངང་གནོད་ཚེ་ལ་གདོང་གཏོད་དུ་འཇུག་དགོས།

༢ བྱིས་པ་ཕ་མར་བསྟེན་དྲགས་ན་ནམ་ཞིག་ཐང་ལ་འགྱེལ་ངེས་པའི་གནས་ལུགས་ཤེས་པ་བྱེད་དགོས།

༣ བྱིས་པར་གནས་རྟེན་གྱི་ཁོར་ཡུག་ལ་འབྲེལ་འདྲིས་བྱེད་པའི་ནུས་པ་མེད་ཚེ།ནམ་ཞིག་གཞན་གྱིས་རང་གི་འཚོ་བ་ཁྱུར་མིད་གཏོང་སྲིད་པའི་ཉེན་ཁ་ཡོད་པ་ཚོར་ཤེས་ཡོང་བ་བྱེད་དགོས།

༤ ཚད་བརྒལ་གྱིས་རང་སྲུང་བྱེད་པ་ནི་གནོད་འཚེའི་དགྲ་བོར་མགྲོན་བསུ་བྱེད་པ་དང་གཅིག་མཚུངས་ཡིན་པ་ཤེས་སུ་འཇུག་དགོས།

༥ བྱིས་པའི་རང་སྲུང་གི་ནུས་པ་མཐོ་རུ་བཏེགས་ནས་བག་ཕེབས་ཀྱིས་སྤྱི་ཚོགས་ཀྱི་བསླུ་བྲིད་ལ་གདོང་གཏོད་ཐུབ་པ་བྱ་དགོས།

ལྔ། བྱིས་པར་ཕུགས་བསམ་མངོན་འགྱུར་བྱེད་པའི་བསམ་པ་བསྐྲུན་དགོས།

༡ བྱིས་པར་ཕུགས་བསམ་ལྡན་ཚེ་ད་གཟོད་གསར་གཏོད་ཀྱི་ནུས་པ་ཡོད་པའི་གནས་ལུགས་སྤྲོད་དགོས།

༢ བྱིས་པའི་ཁ་ཕོ་དང་སྟོང་གཏམ་ལ་གཤེ་མི་རུང་བ་མ་ཟད་སྔོན་འགོག་དེ་བས་ཀྱང་མི་བྱེད་པར་ཞུ།

༣ བྱིས་པར་ཕུགས་བསམ་ཡོད་དུས་གང་ནུས་གྱིས་སྔོན་སྐུལ་གྱི་ལས་ལ་འཇུག་པར་བྱེད་དགོས།

༤ བྱིས་པའི་དོག་སློང་གི་སེམས་ཁམས་དང་ལེན་མ་བྱས་པ་ནི་ཁོའིི་བསམ་གཞིག་གི་གཤོག་པ་བཅད་པ་དང་མཚུངས།

༥ བྱིས་པའི་དགའ་ཕྱོགས་དང་སེམས་ཚོར་སོགས་ཡང་དག་པའི་སྒོ་ནས་དང་ལེན་བྱེད་དགོས།

༦ གསར་གཏོད་ཀྱི་ནུས་པ་ཡོད་པའི་བྱིས་པར་ནམ་ཡང་བློ་རིག་རྒོད་པོ་ཞིག་ཡོད་པ་རྟོགས་དགོས།

དྲུག བྱིས་པར་འབྲེལ་འདྲིས་བཟང་བོ་བྱེད་ཐུབ་པའི་བྱ་སྤྱོད་བསྐྱེད་སྲིང་བྱེད་དགོས།

༡ བྱིས་པས་སྤྱི་ཚོགས་ལ་འབྲེལ་འདྲིས་བྱེད་པའི་གུས་ལུགས་ཤེས་ཚེ་ཡང་དག་གི་མི་དང་འབྲེལ་ལུགས་ཀྱི་ལྟ་བ་ལེགས་པོ་ཞིག་ཆགས་ངེས།

༢ བྱིས་པའི་ཁ་བརྡའི་རྣམ་འགྱུར་ལ་ཕུན་སུམ་ཚོགས་པའི་ནུས་སྟོབས་ཡོད་པས་གཞན་གྱི་དོ་ཁུར་དང་སྤྲོ་སྣང་དྲངས་ཡོང་།

༣ མི་གཞན་ལ་བཀུར་བ་ནི་དོན་དམ་དུ་རང་ཉིད་ལ་བཀུར་སྟངས་ཤིག་ཡིན་པའི་གནས་ལུགས་སྤྲོད་དགོས།

༤ བྱིས་པས་རང་སྐྱོན་ངོས་ལེན་བྱེད་ཐུབ་ཚེ་རང་སྐྱོན་བཅོས་བསྒྱུར་བྱེད་པའི་གནས་ལུགས་ཀྱི་ངེས་ཤེས་རྙེད་པ་ཡིན།

༥ མཉམ་འབྲེལ་དང་ཚོགས་པའི་ནུས་པ་ནི་ཤེས་བྱ་ལས་ཀྱང་གལ་ཆེ་བའི་གནས་ལུགས་རྟོགས་སུ་འཇུག་དགོས།

༦ གཞན་གྱི་བསམ་ཚུལ་དང་སྐད་ཆར་ཉན་ཤེས་བྱེད་པ་ནི་མི་གཤིས་ཀྱི་གོམས་སྲོལ་ལེགས་པོ་ཞིག་དང་མཛེས་སྡུག་གི་བྱ་སྤྱོད་བཟང་བོ་ཞིག་ཡིན་པ་ཤེས་པར་བྱེད་དགོས།

བདུན། བྱིས་པར་ལུགས་མཐུན་གྱིས་རྒྱུ་ནོར་སྤྱོད་ཤེས་ཀྱི་ལྟ་བ་ཆགས་པར་སློབ་དགོས།

༡ བྱིས་པར་ཆུང་དུས་ནས་ལུགས་མཐུན་གྱིས་རྒྱུ་ནོར་(དངུལ་ལོ)་སྤྱོད་ཤེས་ཀྱི་ལྟ་བ་བཙུགས་ཚེ་ནར་སོན་རྗེས་རྒྱུ་ནོར་(དངུལ་ལོ)་བཀོལ་སྤྱོད་ཀྱི་རིན་ཐང་དང་ཡོང་སྒོ་ཐོབ་ཐབས་ཀྱི་གནས་ལུགས་རྟོགས་ངེས་ཡིན།

༢ བྱིས་པར་ཚེགས་མེད་ཀྱིས་ཐོབ་པའི་དངུལ་རྔན་སོགས་ཡོད་ན་ཡང་དག་གིས་བཀོལ་སྤྱོད་བྱེད་པའི་ཐབས་ལམ་བསྩོལ་དགོས།

༣ བྱིས་པར་རྒྱུ་ནོར་གསོག་འཇོག་གི་འདུ་ཤེས་ཆགས་སུ་བཅུག་ཚེ་མི་ཚེ་གང་བོར་འཚོ་སྡོད་ཀྱི་ཕན་ནུས་དང་བདེ་སྐྱིད་ཀྱི་རིན་ཐང་བསྐྲུན་ཐུབ་ངེས་ཀྱི་སེམས་ཚོར་བྱུང་ཐུབ་པ་བྱ་དགོས།

༤ བྱིས་པའི་ལག་ཏུ་དངུལ་ལོར་མོད་པོ་འཇོག་པ་ལས་དངུལ་ལོར་འཚོལ་ཐབས་ཀྱི་ནུས་རྩལ་དང་ལག་ཆ་བཀོལ་སྤྱོད་ཀྱི་ཐབས་རྩལ་ཤེས་སུ་བཅུག་ན་དགའ།

༥ བྱིས་པའི་མུན་འཐོམས་ཀྱི་འཁོན་སེམས་དང་ལོག་རྟོགས་ཀྱི་འགྲན་སེམས་དུས་ཐོག་ཏུ་དག་སེལ་དང་ཐག་གཅོད་བྱེད་དགོས།

བརྒྱད། བྱིས་པར་ཡང་དག་པའི་སྒོ་ནས་རང་ཉིད་ངོས་ཟིན་པར་རོགས་འདེགས་བྱེད་དགོས།

༡ བྱིས་པར་རང་འགུལ་གྱིས་འབྲེལ་འདྲིས་བྱེད་པར་སྐུལ་ནས་ཁེར་རྐྱང་གི་བསམ་བློ་མེད་པར་བཟོ་དགོས།

༢ བྱིས་པ་ཡུན་རིང་བོར་ངོ་ཚའི་དབང་དུ་གྱུར་ཚེ་རང་དམན་གྱི་འདུ་ཤེས་ཆགས་ངེས་པས་དུས་ལྟར་སེལ་ཐབས་བྱེད་དགོས།

༣ གཞན་གྱི་བྱས་འབྲས་བཟང་བོ་ལོངས་སུ་སྤྱོད་པར་མཁས་ན།ད་གཟོད་རང་ཉིད་ཀྱི་དགེ་སྐྱོན་དང་ཐོབ་འབྲས་ལོངས་སུ་སྤྱོད་པ་ལའང་མཁས་ངེས་ཡིན།

༤ བྱིས་པར་ཉིན་རེར་རང་ཉིད་ཀྱི་ནུས་རྩལ་དང་བཟང་ཆ་རེ་ཤེས་སུ་འཇུག་དགོས།

༥ བྱིས་པར་ཐོབ་འདོད་ཀྱི་བསམ་བློ་ཡོད་ཚེ་གཏོང་ཕོད་ཀྱི་འདུ་ཤེས་ཆགས་པ་བྱེད་དགོས།

 

 


 

 

དེང་སྐབས་ཁྱིམ་ཚང་དང་སློབ་གྲྭ སྤྱི་ཚོགས་སོགས་ཕྱོགས་གང་སར་སེམས་ཁམས་བདེ་ཐང་མ་ཡིན་པ་དང་ཀུན་སྤྱོད་ཚད་ལྡན་མ་ཡིན་པའི་མིས་གང་སར་ཁྱབ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་མི་ཆོས་ཀྱི་གནས་ལུགས་ལ་འགལ་བའི་མི་རབས་སྐོར་ཞིག་འབྱུང་བཞིན་ཡོད་པ་ཡིན། དེས་འབྱུང་རྐྱེན་གཙོ་བོ་ནི་སློབ་གྲྭ་དང་སྤྱི་ཚོགས་སློབ་གསོ་ལན་པས་མ་ཡིན་པར་ཁྱིམ་ཚང་སློབ་གསོའི་བཟང་ངན་ལ་ངེས་པར་འབྲེལ་བས།བྱིས་པ་ནར་སོན་པའི་བརྒྱུད་རིམ་ཁྲོད་དུ་ཁྱིམ་བདག་སྟེ་ཕ་མས་བྱིས་པའི་སེམས་ཁམས་བདེ་ཐང་དང་ཀུན་སྤྱོད་སློབ་གསོར་ཤུགས་སྣོན་གྱིས་མ་འོངས་པར་སྤྱི་ཚོགས་ལ་སྤྱོད་གོ་ཆོད་པའི་མི་རབས་གསར་བ་ཞིག་བསྐྱེད་བསྲིང་བྱེད་པར་ནུས་པ་འདོན་དགོས་པར་དམིགས་ནས་ཁྱིམ་ཚང་སློབ་གསོ་དང་རང་མི་རིགས་ཀྱི་ཕ་མ་ཚོས་རང་གི་བྱིས་པར་སློབ་གསོ་གཏོང་ཐབས་ལ་ཕན་པར་དམིགས་ནས་རྒྱ་ཡིག་ལས་བོད་ཡིག་ལ་དངོས་སྦྱོང་དགེ་རྒན་ལྷ་མོ་སྒྲོལ་མ་དང་ཀླུ་མོ་བྱམས་གཉིས་ཀྱི་རོགས་འདེགས་ལས་བྱ་བའི་བར་གསེང་ནས་ཚིག་ངོས་ཀྱི་སྐད་ཆ་རེ་རེ་བཞིན་མ་ཡིན་པར་ནང་དོན་གཙོར་བཟུང་གིས་ཚིག་སྐྱོན་དང་ཡིག་སྐྱོན་ཡོད་ངེས་པར་མ་འཛེམ་པའི་སྒོ་ནས་བསྒྱུར་བ་དགེའོ།