༄༅༎ ཆིག་སྒྲིལ་ནི་སྟོབས་ཤུགས་ཡིན།

༄༅༎ ཆིག་སྒྲིལ་ནི་སྟོབས་ཤུགས་ཡིན།

 

༄༅༎ གནའ་སྔ་མོ་ཞིག་ན། ཡུལ་གངས་ཅན་གྱི་ལྗོངས་སུ། ཕ་ལྷ་མོ་དོན་གྲུབ་ཟེར་བའི་ཕ་རྒན་བཟང་བོ་ཞིག་ཡོད་པ་ལ། བུ་དཔའ་ཆེན་སྐྱབས་དང་ཡོན་དན་བཟང་ཟེར་བ་གཉིས་དང་། བུ་མོ་ཆོས་སེམས་ཅན་ཟེར་བ་གཅིག་བཅས་བུ་ཕྲུག་གསུམ་ཡོད་པ་རེད། ཕ་ལྷ་མོ་དོན་གྲུབ་གྱིས་རང་གི་བུ་ཕྲུག་ཚོར་ནམ་རྒྱུན་འཆམ་མཐུན་ངང་གནས་དགོས་པའི་སླབ་བྱ་ཡང་ནས་ཡང་དུ་གནང་གི་ཡོད་ནའང་། ཕྲུག་གུ་གསུམ་གྱིས་ཕ་རྒན་གྱི་སླབ་བྱ་ལ་བསམ་གཞིགས་བྱེད་གྱི་མེད་པ་མ་ཟད། རྟག་ཏུ་ནང་ཁུལ་གྱི་གནད་དོན་ཆུང་ཙག་རིགས་ལ་རྩོད་གླེང་བྱས་ནས་བསྡད་ཡོད་པ་རེད།

 

ཕ་རྒན་གྱི་ཐུགས་ལ་གལ་ཏེ་བུ་ཕྲུག་ཚོར་དཔེ་དང་དོན་ལ་སྤྱར་ནས་སླབ་བྱ་ཡག་པོ་ཞིག་མ་བྱས་ན། བདག་འཇིག་རྟེན་འདི་ནས་ཁ་བྲལ་བའི་ཉིན་མོ་ཞིག་བྱུང་དུས། ཁོང་ཚོས་ནང་ཁུལ་ལ་འཐབ་རྩོད་བྱས་ཏེ། མི་ཚང་འདིའི་ནང་ལ་བཀྲ་ཤིས་མི་ཤིས་པའི་བྱ་བ་ཞིག་འབྱུང་མི་སྲིད་པ་མ་རེད་དགོངས་ཏེ། ཕྲུ་གུ་གསུམ་པོ་ཁོང་གི་མདུན་དུ་བོས་ཏེ། ཕྲུ་གུ་རེ་རེ་ལ་ཤིང་དུར་ཆག་པ་རེ་རེ་སྤྲད་དེ་ཆོགས་ཤིག་ཅེས་སྐུལ་བ་ན། ཁོང་རྣམས་ཀྱིས་ཤུགས་ཇི་ལྟར་རྒྱབ་ནའང་ཤིང་དུར་ཆག་པ་དེ་གཅོག་མ་ཐུབ་པ་རེད།


 

དེ་ནས་སླར་ཡང་ཕ་རྒན་གྱིས་ཤིང་ཆག་པ་དེའི་ཁ་གཏོར་ཏེ། ཕྲུ་གུ་གསུམ་ལ་ཤིང་དུར་རྐང་རེ་རེ་བྱས་ནས་གཅོག་ཏུ་བཅུག་པ་ན། ཕྲུ་གུ་རྣམས་ཀྱིས་ཤིང་དུར་གཅིག་གྱང་མ་ལུས་པར་ཚང་མ་ལས་སླ་པོའི་ངང་བཅག་པ་རེད།


 

དེ་ནས་ཕ་རྒན་དེས་རང་གི་བུ་ཕྲུག་གསུམ་ལ་འདི་སྐད་དུ། དང་པོ་ཤིང་དུར་རྣམས་མཉམ་དུ་བསྡོམས་ནས་ཡོད་དུས་སུས་ཀྱང་གཅོག་ཐུབ་ཀྱི་མེད་པ་དང་། ཤིར་དུར་རྐང་རེ་རེ་ཡིན་དུས་ཁྱེད་རང་ཚང་མས་ལས་སླ་པོར་བྱས་ནས་བཅག་སོང་པ་ལྟར། ཁྱེད་ཕྲུ་གུ་གསུམ་ནམ་རྒྱུན་འཆམ་འཐུན་དང་ཆིག་སྒྲིུལ་ངང་གནས་ཐུབ་ཡིན་ན་། གཞན་སུ་ཞིག་གིས་ཀྱང་ཁྱེད་ཚོར་བརྙེས་བཅོས་གཏོང་མི་ཐུབ། ཆིག་སྒྲིལ་གྱི་ནུས་ལ་བརྟེན་ན་མི་ཚང་འདིའི་གནད་དོན་དང་འབྲེལ་བའི་བྱ་བཞག་ཆེ་ཆུང་གང་ཡིན་ཡང་ལེགས་པར་བསྒྲུབ་ཐུབ་པ་ཡིན། གལ་ཏེ་སྔར་ལྟར་ཁྱེད་གསུམ་མཆམ་མཐུན་མེད་པར་ནང་ཁུལ་རྩོད་གླེང་ལ་མགོ་འཁོར་ནས་བསྡད་པ་ཡིན་ན། ཉིན་ཞིག་བློ་ཡུལ་ལས་འདས་པའི་མཇུག་འབྲས་ངན་པ་ཞིག་འབྱུང་མི་སྲིད་པ་མིན་པས། དེ་ན་ཆིག་སྒྲིལ་ནི་སྟོབས་ཤུགས་ཡིན་པ་ཤེས་པར་གྱིས་ཤིག་ཅེས་སླབ་བྱ་གནས་སོ།

 

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག