པདྨ་མཚོའི་འགྲན་རྩོད་ལས་འཕྲོས་པའི་འབེལ་གཏམ།

 

གསོན་པོ།  (ཁྱུང་མཆུ།)

བྱིས་སྒྲུང་ནི་འཚོ་བ་ལ་གོམས་པར་གྱུར་བའི་ང་ཚོས་བསམ་གཞིག་གཏོང་སྟངས་ལྟར་བྱས་ན་ཧ་ཅང་འཚམ་པོ་མིན།   གང་ལགས་ཞེ་ན།   རིན་ཐང་གི་ལྟ་བ་གང་ཡང་མ་ཆགས་པའི་བྱིས་པའི་བློ་ནི་ཅི་ཡང་བྲིས་མེད་པའི་ཤོག་དཀར་ཞིག་དང་འདྲ། དེ་བས།   ཁོ་ཚོར་དོན་བྱ་ཆུང་ཆུང་ཆུང་ཆུང་ཞིག་གིས་ཀྱང་སྤྲོ་སྣང་ཆེན་པོ་སློང་ཐུབ། ཡང་ན། དོན་བྱ་ཆུང་ཆུང་དེའི་སྤྲོ་བ་དང་མཉམ་དུ་རིམ་གྱིས་འཚོ་གནས་ཀྱི་རིན་ཐང་ཞིག་ཆགས་སུ་འཇུག  དུད་འགྲོ་མང་པོའི་ཕྲུ་གུ་ཚོར་རྩེད་མོ་དང་རྩེད་མོ་བརྒྱུད་འཚོ་གནས་བྱེད་ཐབས་ཀྱི་རྩལ་ཡོངས་སུ་འཁྲིད། མིའི་ཕྲུ་གུ་ཡང་རྩེད་མོ་ལ་དགའ་བ་དང་སྤྲོ་བ་ཆེ་བས་རྩེད་མོའི་བྱེད་ཐབས་བརྒྱུད་དེ་འཚོ་གནས་བྱེད་པའི་ཐབས་རྩལ་བསླབ་ན་འཚམ་པ་བདེན་དཔང་བྱས།  

གང་ཉིད་ཀྱིས།  གལ་ཏེ་ཁྱེད་ཀྱི་བྱིས་པ་བློ་རིག་ལྡན་པ་ཞིག་ཏུ་འགྱུར་བར་འདོད་ན།   བྱིས་པར་སྒྲུང་ཀློག་ཏུ་ཆུགས།   གལ་ཏེ།   ཁྱེད་ཀྱི་བྱིས་པ་དེ་ལས་ཀྱང་བློ་རིག་ལྡན་པ་ཞིག་ཏུ་གཏོང་འདོད་ན། སྒྲུང་དེ་ལས་ཀྱང་མང་པོ་ཀློག་ཏུ་ཆུགས།  ཞེས་གསུང་བའི་གནད་ནི།  བྱིས་པའི་བློ་ཁ་དང་འཚམ་པ།  བློ་སྒོ་འབྱེད་པའི་ནུས་པ་ཆེ་ཤོས་ནི་སྒྲུང་ངམ་གཏམ་རྒྱུད་ཡིན་པ་བསྟན་ཅིང་། ཕ་མ་དང་སློབ་གསོ་བ་མང་པོས་སྒྲུང་གཏམ་ལ་བྱིས་པའི་རིག་སྒོ་འབྱེད་པའི་ནུས་པ་ཁྱད་དུ་འཕགས་པ་ཞིག་མངའ་བ་ལ་ངོས་འཛིན་གསལ་པོ་མེད་པར་སྣང་མེད་དུ་བཞག་པ་ནི་ཡིད་ཕངས་བའི་གནས་སུ་བསྟན།  

ཡིན་ངེས་ཏེ།   བོད་པའི་འཚོ་བའི་ནང་གནའ་ནས་བརྒྱུད་པའི་སྲོག་ཆགས་དང་མི་སྣའི་སྒྲུང་མང་ཆེ་བར་རྒྱུ་འབྲས་མི་བརྩི་བར་སྡིག་པའི་ལས་སྒྲུབ་མཁན་གྱི་མི་ངན་ལ་རྣམ་སྨིན་ངན་པ་ཇི་ལྟར་འཁོར་ཚུལ་དང་།  རྒྱུ་འབྲས་མིག་འབྲས་བཞིན་སྲུང་ཞིང་དགེ་བའི་ལས་སྒྲུབ་མཁན་ལ་གནས་སྐབས་སུ་སྡུག་བསྔལ་ཇི་འདྲ་བྱུང་རུང་མཐར་བདེ་སྐྱིད་ཀྱི་ལམ་ཐོབ་པ་སོགས་ལ་བསམས་ན།  འདུ་ཤེས་ཀྱིས་ཟིན་པ་དང་མ་ཟིན་པའི་འོག་ཅི་རིགས་སུ་བུ་ཕྲུག་གི་རྒྱུད་ལ་འཚོ་བའི་གནས་ལུགས་དང་རིན་ཐང་ཆགས་སུ་འཇུག་པ་ཧ་ཅང་གསལ་པོ་མ་ཡིན་ནམ།  

དེ་བཞིན་དུ་པདྨ་མཚོའི་འགྲན་རྩོད་ཀྱི་བྱིས་སྒྲུང་ནང་བོད་མདོ་སྨད་ཕྱོགས་ཀྱི་བུད་མེད་ཕལ་མོ་ཆེས་བྱ་བའི་དགེ་སྡིག་གང་ཡིན་ལ་མ་ལྟོས་པར།   སྤྱི་ཚོགས་ཀྱི་བྱ་བྱེད་མང་པོའི་ནང་ཞུགས་ཚུལ་མེད་པ་དང་།   དེ་དག་གི་ཁྲོད་དུ་ཞུགས་དགོས་ན་གོམས་སྲོལ་དང་བསྟུན་མི་བསྟུན་ཟེར་ནས།   སྐྱེས་པ་ཚོས་ཆོག་མཆན་མ་ཐོབ་ན་ཞུགས་ཐབས་མེད།   རང་འདོད་ལྟར་ཞུགས་ན། སྤྱི་ཚོགས་ནང་ལྟ་ཚུལ་དང་གླེང་གཞི་སྣ་ཚོགས་ཀྱིས་ངོ་ཚ་སྟེ་རང་འགུལ་གྱིས་ཕྱིར་ལྡོག་བྱ་དགོས་པའི་གནས་སུ་སྐྱེལ།   པད་མ་མཚོས་མི་ཁ་དང་གོམས་སྲོལ་མི་ལེགས་པ་རྒྱབ་ཏུ་གཡུགས་ཤིང་།  འཇོན་ཐང་གཙོ་བ་ལས་དེ་དག་གཙོ་བོ་མིན་པ་མིག་མཐོང་ལག་ཟིན་དུ་བྱས་པ་ནི། རྟ་རྒྱུག་འགྲན་རྩོད་ལ་རྒྱལ་ཁ་བླངས་པ་ནས་བཟའ་མི་དང་ཡུལ་མི་ཚང་མས་གཟི་བརྗིད་དུ་བསམས་ཏེ་དགའ་འབོད་བྱེད་པ་ལས།   གོམས་སྲོལ་གླེང་མཁན་མེད་པར་གྱུར་བ་དེས་མཚོན་ཅིང་བརྩམས་སྒྲུང་གི་འཕེལ་རིམ་ཡང་རྩེར་བསྐྱལ།  

   པད་མ་མཚོའི་སྒྲུང་ཀློག་པའི་གོ་རིམ་ནང་།   ཕོ་མཆོག་མོ་དམན་གྱི་ལྟ་བ་ནི་བུད་མེད་ཀྱི་ནུས་པ་འདོན་པའི་གོ་སྐབས་རྡོག་རོལ་དུ་གཏོང་བའི་རྒྱུ་དང་རྐྱེན་དུ་གྱུར་ཅིང་།   ད་ལྟ་ད་དུང་མདོ་སྨད་ཀྱི་འཚོ་བའི་ནང་སྔར་ལྟར་གེགས་སུ་གྱུར་མོད།  གཞོན་སྐྱེས་བུད་མེད་ཚོས་ཐབས་དང་ནུས་པ་གང་ཡོད་བཏོན་ཏེ་འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་བྱ་དང་བྱེད་བཞིན་མཆིས་ཤིང་།  མ་འོངས་པར་ཕོ་མོ་འདྲ་མཉམ་འབྱུང་བ་ནི་ཕོ་སྐྱེས་ཚོས་གོམས་སྲོལ་དང་མི་ཁ་ཡི་གླེང་གཞི་ཅི་འདྲ་བཟོས་ཀྱང་འགོག་ཐབས་མེད་པར་མངོན་འགྱུར་བྱ་བ་པད་མ་མཚོའི་རྒྱལ་ཁས་མཚོན་པར་བྱས།  

རི་མོའི་སྒྱུ་རྩལ་ལ་སྦྱང་བ་ཅི་ཡང་སོང་མེད་པའི་མི་ཞིག་གིས་རི་མོ་ལ་དཔྱད་བརྗོད་བྱེད་པ་མགོ་མ་ཚོས་པའི་ཆ་ཞིག་མཆིས་མོད།  དཔེ་ཆའི་རི་མོའི་མཚོན་དོན་ཕྱོགས་ནས།   མཐོ་སྒང་གི་ཡུལ་ལྗོངས་སྟོད་ཀྱི་གངས་རི་དཀར་པོ།   བར་གྱི་རྫ་རི་སྨུག་པོ།   སྨད་ཀྱི་སྤང་རི་ལྗང་ཁུ།  རི་ཆུ་ནགས་གསུམ།   ཆུ་བོ་དང་མཚེའུ།   མེ་ཏོག་དང་རྩྭ་རྩི་ཤིང་།   བྱ་དང་བྱེའུ།   རྟ་ནོར་ལུགས་གསུམ།   སྒོ་ཁྱི།   ཞོན་རྟ།   ཞོན་གཡག   སྦྲ་དང་གུར།   དར་ལྕོག   ཐགས།   གདུགས།   སྒ།   སྲབ།   ཏ་ལེན།   ལྕག   རླུང་རྟ།   སྐྱ་སེར་ཕོ་མོ།   ཕ་མ་ཕུ་ནུ་མིང་སྲིང་།   རྒན་དར་གཞོན་གསུམ།   མཆོང་ཐག   མ་ཎི་འཁོར་ལོ།   ཟོ་བ།   ཅ་ནེ།   རྩམ་པ།   གོ་རེ།   ཀུ་ཤུ།   རྒུན་འབྲུམ།   ཆང་བ་ལི།   རླངས་འཁོར།   ཉི་མ་དང་སྤྲིན་དཀར།  ཁྲུང་ཁྲུང་སོགས་གནམ་སའི་བར་གྱི་བོད་མཐོ་སྒང་གི་ཕྱི་སྣོད་ཀྱི་བཀོད་པ་དང་ནང་བཅུད་སེམས་ཅན་གྱི་ཐ་སྙད་མིང་མཛོད་ཅིག་ཏུ་བསམ་ཆོག་པར་བྱས།  

མཚོན་བྱེད་རི་མོའི་སྒྱུ་རྩལ་ཆ་ནས།  མཚོན་མདོག་རྣམ་པར་བཀྲ་བས་བྱིས་པའི་སྣང་ངོར་ལྟ་འདོད་ཀྱི་ཀུན་སློང་འབྱུང་དུ་འཇུག་ཐུབ་ཅིང་།   མི་སྣའི་རྒྱབ་ལྗོངས་མཛེས་སྡུག་ལྡན་པའི་རང་བྱུང་གི་ཁོར་ཡུག་གིས་བརྒྱན་པས་བག་ལྷོད་ཀྱི་སྣང་བ་སྟེར།  ལྟད་མོ་བའི་ཁྲོད་ཞྭ་མོ་སྐྲ་ཚུགས་སྐྲ་རྒྱན་སྣ་ཚོགས་པས་ཆ་ལུགས་གོམས་སྲོལ་མི་གཅིག་པའི་ས་ཁུལ་མང་པོ་ནས་འཛོམས་པ་ཤེས་ནུས།   ཞན་ཆ་ནི་རྟོག་བཟོ་དང་རབ་བཏགས་ཀྱི་ཆ་ཉུང་བ་དང་།   མི་སྣ་ཚང་མར་བྱིས་པའི་སྣང་བརྙན་མེད་པ།  དགའ་སྐྱོའི་བཞིན་དང་ལུས་ཀྱི་ཉམས་མི་གསལ་བས་བྱིས་པའི་དང་བ་འདྲེན་པའི་འགུག་ཤུགས་ཆུང་དུ་སོང་བར་སྙམ།

                2021.10.27ཉིན་ལྷ་རྒྱལ་གླིང་དུ།

 

Topic: པདྨ་མཚོའི་འགྲན་རྩོད་ལས་འཕྲོས་པའི་འབེལ་གཏམ།

No comments found.

New comment