ཕ་མའི་གོམས་གཤིས་ལས་བུ་ཕྲུག་ལ་ཤན་ཤུགས་ཐེབས་སླ།

ཕ་མའི་གོམས་གཤིས་ལས་བུ་ཕྲུག་ལ་ཤན་ཤུགས་ཐེབས་སླ།

 

བྱ་བ་ཆུང་ས་ནས་བསྒྲུབས་ཏེ་དམིགས་ཡུལ་ཆེ་ས་ལ་འཛིན་དགོས་ཞེས་ཕྱི་གླིང་བའི་ཁ་དཔེ་ལྟར། ཉེ་བའི་ལོ་ཤས་སུ་བོད་ཕྱི་ནང་གི་ཕ་མ་ཚོའི་ཁྲོད་དུ་བྱིས་སྐྱོང་སློབ་གསོའི་གལ་ཆེའི་རང་བཞིན་ལ་གཙིགས་ཆེན་བྱེད་མཁན་དང་བྱིས་སྐྱོང་སློབ་གསོའི་བྱེད་ཐབས་ཀྱི་ལྟ་གྲུབ་སྐོར་ལ་དོ་སྣང་བྱེད་མཁན། བྱིས་སྐྱོང་སློབ་གསོའི་རྒྱུན་ཤེས་ལག་ལེན་དུ་འདེབས་མཁན་དང་བྱིས་སྐྱོང་གི་ལས་དོན་ལ་མཁོ་བའི་ཆ་རྐྱེན་བསྐྲུན་མཁན་སོགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། བྱིས་སྐྱོང་སློབ་གསོའི་བྱ་བཞག་གོང་སྤེལ་དུ་གཏོང་བར་འབད་བརྩོན་བྱས་དང་བྱེད་བཞིན་པའི་མི་བུ་ལྷག་བསམ་ཅན་མང་ཆེ་ཤོས་ནི་ཁྱིམ་ཚང་ཕལ་པའི་ཕ་མ་དཀྱུས་མ་རྣམས་ཡིན་པའི་སྣང་ཚུལ་བྱུང་། ཡིན་ནའང་། ཕ་མ་དེ་དག་གི་ཁྲོད་ནས་རེ་ཟུང་མ་གཏོགས་མང་ཆེ་ཤོས་ཀྱིས་སེམས་ཁ་བུ་ཕྲུག་ལ་ཕར་གཏད་དེ་བུ་ཕྲུག་གི་ཀུན་སྤྱོད་བཅོས་ཐབས་བྱེད་ཀྱི་ཡོད་པ་ལས།སེམས་ཁ་རང་ཉིད་ལ་ཚུར་འཁོར་ནས་རང་ཉིད་ཀྱི་གོམས་གཤིས་ངན་པ་དག་གིས་བུ་ཕྲུག་ལ་ཤན་ཤུགས་ཅི་ཞིག་འཇོག་པ་དང་ཇི་ལྟར་འཇོག་པའི་སྐོར་ལ་དོ་སྣང་དེ་ཙམ་སྤྲོད་ཀྱི་མེད་པའི་ཚོར་སྣང་བྱུང་། དེ་ན་གཤམ་དུ་ཕ་མའི་གོམས་གཤིས་ཀྱི་ཤུགས་རྐྱེན་བུ་ཕྲུག་གི་ལུས་ངག་ཡིད་གསུམ་ལ་ཇི་ལྟར་འཇོག་ཚུལ་སྐོར་རོབ་ཙམ་གླེང་རྒྱུ་ཡིན།

 

བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་མཚོ་ལགས་ཀྱིས་བསྒྱུར་ཞིང་ཐེ་ཝན་གྱི་དགེ་རྒན་ཆེན་མོ་ཧུང་ལན་གྱིས་བརྩམས་པའི་དཔེ་དེབ་ཁ་བྱང་ལ་བྱིས་པ་བཟང་བོ་སྐྱོང་བ་ལ། སྐྱེས་ཐོབ་མི་གཙོ་སྦྱོང་ཐོབ་གཙོ་ཞེས་པའི་ནང་དུ། བཟང་བོར་འགྲོགས་ན་བཟང་ལོབ། ངན་པར་འགྲོགས་ན་ངན་ལོབ་ཟེར་བ་བཞིན། ཀུན་སྤྱོད་ནི་ངང་ངམ་ཤུགས་ཀྱིས་གོམས་ཡོང་བ་ཞིག་ཡིན་ཞེས་གསུངས་འདུག་པ་བཞིན། ཕྲུ་གུས་དུས་རྒྱུན་དུ་ཕ་མ་ལ་ལྟ་ཉན་བྱས་ནས་བསྡད་ཡོད་པས། ཕ་མས་ཕྲུ་གུའི་ཁོར་ཡུག་ནས་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ། ལོག་གཡེམ་བྱེད་པ་ལ་སོགས་པའི་ལུས་ཀྱི་མི་དགེ་བ་གསུམ་དང་འབྲེལ་བའི་ཀུན་སྤྱོད་ངན་པ་རྣམས་ལ་ཧ་ཅང་གཟབ་ནན་བྱེད་རྒྱུ་ཤིན་ཏུ་གལ་ཆེ། གལ་སྲིད་ཕ་མས་རང་ཉིད་ཀྱི་ཀུན་སྤྱོད་ལ་བདག་གཅེས་མ་བྱས་པར་ཕྲུ་གུའི་ཁོར་ཡུག་ནས་སེམས་ཅན་གསོད་གཏུབ་བྱེད་པ་དང་གཞན་གྱི་རྒྱུ་ནོར་རྐུ་བ། བུད་མེད་ལ་ཐུབ་ཚོད་ཀྱིས་བཙན་གཡེམ་གཏོང་བ་ལ་སོགས་པའི་ལས་བྱས་པ་ཡིན་ན། གོམས་གཤིས་ངན་པ་དེ་དག་ཕྲུ་གུ་ལ་ངང་ངམ་ཤུགས་ཀྱིས་འབྱར་འགྲོ་བ་ཡིན་པས། ཕྲུ་གུའི་ཁོར་ཡུག་ནས་ཕ་མས་རང་གི་ཀུན་སྤྱོད་ལ་སྟངས་འཛིན་བྱེད་རྒྱུ་གལ་ཆེ་བ་ཡིན། ཡ་ཧུ་དཱ་པའམ་ཇོས་མི་རིགས་ལ་ཕ་ཡི་གཟུགས་བརྙན་བུ་ཡི་སྟེང་ཞེས་རྫུན་བཤད་པར་གོམས་པའི་ཕ་རྒན་ཞིག་གི་ཤུགས་རྐྱེན་གྱིས་བུ་ཡིས་ལས་ཀ་བྱེད་ས་མ་རྙེད་པར་མི་ཚེ་གང་བོར་དབུལ་ཕོངས་ཀྱི་འཚོ་བ་བསྐྱལ་པའི་སྒྲུང་ཞིག་བཤད་རྒྱུ་ཡོད་པ་དང་། ཡང་ཕྱི་གླིང་བ་ཚོར་བུ་ཕྲུག་ཕ་མའི་དཔེ་མཚོན་གྱི་རྗེས་སུ་འབྲང་བ་ལས། ཕ་མས་བཤད་པའི་སྐད་ཆ་ལ་དེ་ཙམ་མི་ཉན་ཞེས་བཤད་སྲོལ་ཡོད་པ་དང་། དེ་བཞིན་དུ་ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཡིན་པ་དང་ཕ་མའི་ཀུན་སྤྱོད་ནི་བུ་ཕྲུག་གི་སློབ་དེབ་ཡིན་ཞིང་། བུ་ཕྲུག་གི་ཀུན་སྤྱོད་ལེགས་ཉེས་དེ་ཕ་མ་གཉིས་ཀྱི་ཀུན་སྤྱོད་ལ་ཐུག་ཡོད་པར་བརྗོད་ཀྱིན་ཡོད། ང་ཚོ་བོད་པའི་ཕ་མ་ཚོར་བུ་ཕྲུག་ལ་ཡ་རབས་བྱེད་དགོས་ཞེས་ངག་ནས་བསླབ་བྱ་བྱེད་པའི་གོམས་སྲོལ་ཡག་པོ་ཞིག་ཡོད་ཀྱང་། ཕ་མ་རང་ཉིད་ཡ་རབས་ཀྱི་ལས་ལ་བརྩོན་པ་དང་རྒན་བཀུར་གཞོན་བྱམས་ཀྱི་ལས་ལ་ཞུགས་ཏེ་ཀུན་སྤྱོད་ཀྱི་སྟེང་ནས་དཔེ་སྟོན་ཡག་པོ་བྱེད་མ་ཐུབ་པ་ཡིན་ན། བུ་ཕྲུག་གི་རྒྱུད་ལ་རྒན་བཀུར་གཞོན་བྱམས་ཀྱི་གོམས་གཤིས་ཡག་པོ་ཞིག་འཇགས་ཐུབ་རྒྱུ་ཁག་པོ་རེད། དེ་བས་རྒན་བཀུར་དང་གཞོན་བྱམས་ཀྱི་ཀུན་སྤྱོད་ལེགས་པོའི་བུ་ཕྲུག་ཞིག་གསོ་སྐྱོང་བྱེད་པར་སྤྲོ་ན། ཕ་མ་རང་ངོས་ནས་ལག་བསྟར་དང་རྒྱུན་འཁྱོངས་བྱེད་དགོས། གལ་སྲིད་དེ་ལས་ལྡོག་པ་ཡིན་ན། མགར་བའི་བུ་མགར་བ་དང་ཤིང་བཟོའི་བུ་ཤིང་བཟོ་ཞེས་པའིབཤད་སྲོལ་ཡོད་པ་དེ་ལས་མ་འདས།བོད་ཀྱི་ན་གཞོན་སློབ་གསོ་བ་དང་དཔྱིད་ཆར་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། བྱིས་སྐྱོང་དགེ་རྒན་སྤྱི་རྒན་ཚེ་རིང་དོན་འགྲུབ་ལགས་ཀྱིས་བྱིས་སྒྲུང་གླིང་དུ་བླ་མར་མཇལ་དུས་ཀུན་སྤྱོད་བཅོས་པ་ལས་བྱིས་པའི་མདུན་དུ་ཀུན་སྤྱོད་བཅོས་ན་ལེགས་ཞེས་བསམ་གཞིགས་བྱེད་རིན་ཡོད་པའི་སྡོམ་ཚིག་ཅིག་བཀོད་པ་རེད། དེ་ན་ང་ཚོ་བོད་ཀྱི་ཕ་མ་ཚོས་བྱིས་སེམས་ཤོག་བུ་དཀར་བོ་ལ་རི་མོ་གང་འབྲི་ཕ་མའི་ལག་ཞེས་པ་ལྟར། བུ་ཕྲུག་གི་མི་གཤིས་ཀྱི་འབྱུང་ཁུངས་དེ་ཕ་མ་རང་ཉིད་ཀྱི་གོམས་གཤིས་དང་ཀུན་སྤྱོད་ཡིན་པ་ངོས་འཛིན་གསལ་བོ་ཡོད་དགོས་ཤིང་། བུ་ཕྲུག་ལ་གོམས་གཤིས་ཡག་པོ་འཇགས་པའི་ཆེད་དུ། བུ་ཕྲུག་གི་ཁོར་ཡུག་ནས་རང་ཉིད་ཀྱི་ཀུན་སྤྱོད་ལ་བདག་གཅེས་ལེགས་པར་བྱས་ཏེ་བུ་ཕྲུག་གསོ་སྐྱོང་གི་འགན་འཁུར་དགོས་པར་སེམས་སོ།།

སྐུ་ཞབས་ཞོགས་དུང་ལགས་ཀྱིས་བསྒྱུར་ཞིང་འཇར་མན་གྱི་བྱིས་སྐྱོང་སློབ་གསོ་བ་གྲགས་ཅན་ཁའར་ཝེ་ཐིས་བརྩམས་པའི་དཔེ་ཆའི་ཁ་བྱང་ལ་སྦྱངས་ཐོབ་སློབ་གསོའི་མན་ངག་ཅེས་པ་དེའི་ནང་དུ་བྱིས་པ་ནི་ཕ་མ་བསྐྱར་པར་བརྒྱབ་པ་དང་འདྲ་ལ། ཕ་མ་ནི་བྱིས་པའི་བག་ཆགས་ཀྱིི་འབྱུང་ཁུངས་སམ་མིག་དཔེ་ལྟ་ས་ཡིན་ཞེས་གསུངས་པ་ལྟར། ཕ་མ་རང་ཉིད་བུ་ཕྲུག་གི་ཁོར་ཡུག་ནས་དུས་རྒྱུན་དུ་ཡ་རབས་སྤྱོད་བཟང་དང་བྱམས་སྙིང་རྗེའི་བྱ་བར་ཞུགས་ཏེ་དཔར་ཤིང་ཚད་ལྡན་ཞིག་དང་མིག་དཔེ་ཡག་པོ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེ་བ་ཡིན། དཔེར་ན་བུ་ཕྲུག་ལ་སྐད་ཆ་བཤད་པའི་སྐབས་དང་། བུ་ཕྲུག་གི་ཁོར་ཡུག་ནས་ཁ་བརྡ་དང་བགྲོ་གླེང་བྱེད་པའི་སྐབས་སུ། སེམས་ལྷོད་ལ་བབས་ཏེ་ཚིག་གསལ་ཞིང་བརྗོད་པ་བདེ་བའི་ཞེ་ཚིག་བཀོལ་སྤྱོད་བྱས་ནས་བུ་ཕྲུག་གི་སེམས་ཁམས་ལ་བག་ཆགས་འཇོག་དགོས་པ་གལ་ཆེ། ཨ་རིའི་བྱིས་པའི་སློབ་གསོའི་དུས་དེབ་སྐད་གྲགས་ཅན་ཨ་མ་བྱེད་ཚུལ་(Mothering Magazine) ཞེས་པ་དེའི་རྩོམ་སྒྲིག་པ་ཕེ་རྒུས་འོ་མཱ་ར (Peggy O Mara) ནས་ང་ཚོའི་སྐད་ཆ་བཤད་སྟངས་དེ་བྱིས་པའི་སེམས་ནང་དུ་གྲགས་པའི་སྐད་སྒྲ་རུ་འགྱུར་འགྲོ་ཞེས་གསུངས་འདུག་པས། ཕ་མས་བུ་ཕྲུག་གི་ཁོར་ཡུག་ནས་སུ་རྫུན་དང་ཕྲ་མ། ཚིག་རྩུབ་དང་ངག་འཆལ་ལ་སོགས་པའི་ངག་གི་མི་དགེ་བ་བཞི་དང་འབྲེལ་བའི་ཀུན་སྤྱོད་ཀྱི་སྐོར་ལ་གཟབ་ནན་བྱེད་དགོས། གལ་སྲིད་ཕ་མས་བུ་ཕྲུག་ལ་རྫུན་བཤད་པ་དང་ཚིག་རྩུབ་བཤད་པ། བུ་ཕྲུག་གི་ཁོར་ཡུག་ནས་ཕྲ་མ་དང་ངག་འཆལ་སོགས་བཤད་བསྡད་པ་ཡིན་ན། བུ་ཕྲུག་གི་སེམས་ཁམས་སུ་ཕ་མའི་ཀུན་སྤྱོད་ཀྱི་ཤན་ཤུགས་ངན་པ་ཐེབས་ཏེ་གོམས་གཤིས་སུ་འཇགས་འགྲོ་བས་ཧ་ཅང་གཟབ་དགོས། བུ་ཕྲུག་འཚར་ལོངས་བྱེད་སའི་ཁོར་ཡུག་ལ་འཆལ་གཏམ་སྣ་ཚོགས་ཀྱི་གད་སྙིགས་སྤུངས་ཏེ་བཙོག་པ་བཟོ་བ་དང་བུ་ཕྲུག་གི་ཁོར་ཡུག་ནས་ཚིག་རྩུབ་ཀྱི་མཚོན་ཆའི་འཁོར་ལོ་བསྐོར་ཏེ་བུ་ཕྲུག་གི་སེམས་ཁམས་ལ་གནོད་འཚེ་བཟོ་མི་ཉན་པ་ཤེས་དགོས། གལ་སྲིད་ཕ་མས་གཟབ་ནན་བྱེད་མ་ཐུབ་པ་ཡིན་ན། སླ་ང་དང་འགྲོགས་ན་ནག་པོ་ཞེས་པའི་དཔེ་ལྟར་གོམས་གཤིས་ངན་པ་དེ་དག་བུ་ཕྲུག་གི་རྒྱུད་ལ་ངང་ངམ་ཤུགས་ཀྱིས་འབྱར་འོང་བ་ཡིན། ཕྱི་གླིང་བའི་བྱིས་སྐྱོང་སློབ་གསོ་བ་ཚོས་ཕ་མས་བུ་ཕྲུག་ལ་ཅི་ཞིག་ཁྲིད་པ་ལས་ཕ་མ་རང་ཉིད་མི་ག་འདྲ་ཞིག་ཡིན་པ་དེ་ལས་བུ་ཕྲུག་གིས་མང་པོ་སྦྱོང་ཐུབ་པར་བཤད་པས། ཕ་མས་རང་ཉིད་ཀྱི་མི་གཞི་ཀུན་སྤྱོད་ལ་བསྒྱུར་བཅོས་བཏང་སྟེ་བུ་ཕྲུག་གི་རྣ་ཡིས་ཐོས་ས་དང་མིག་གིས་མཐོང་ས། སེམས་ཀྱིས་ཚོར་ས་ནས་ཟ་མ་ཟ་ལུགས་དང་ཇ་འཐུང་ལུགས།གྱོན་པ་གྱོན་ལུགས་དང་སྐད་ཆ་བཤད་ལུགས། བསམ་བློ་གཏོང་ལུགས་ལ་སོགས་བུ་ཕྲུག་གི་གོམས་གཤིས་སུ་བག་ཆགས་ངན་པ་མི་འཇོག་པར། ངག་འཇམ་པོའི་སྒོ་ནས་ཁ་བརྡ་བྱེད་པ་དང་སེམས་ལྷོད་པོའི་ངང་ནས་གནས་ལུགས་བཤད་དེ་ཁྱིམ་ཚང་གི་འཚོ་བ་སྐྱིད་པོ་སྐྱེལ་དགོས་པ་ཡིན། དེ་ལྟར་བྱས་ན་བུ་ཕྲུག་གི་རྒྱུད་ལ་གོམས་གཤིས་ངན་པ་རྣམས་མི་འབྱར་བ་ཡིན། དེ་བཞིན་དུ་བྱིས་སྒྲུང་གླིང་གི་ཕ་མ་ཉམས་མྱོང་ཅན་ཚོས་ཕ་མ་ནི་དཔར་ཤིང་ཡིན་པ་དང་བུ་ཕྲུག་ནི་དཔར་རས་རེད་ཅེས་ཕ་མའི་ལུས་ངག་གི་གཤིས་ཀ་བུ་ཕྲུག་གི་སེམས་ཁམས་སུ་པར་ལ་བཏབ་པ་བཞིན་ཡིན་པར་དཔེ་འཇོག་གི་ཡོད། དེ་ན་བུ་ཕྲུག་གི་ཐོས་ས་དང་གོ་ས་ནས་བླ་མ་དང་གྲྭ་བ། མི་ཡོན་ཏན་ཅན་དང་རྒན་པ། ཨ་ཡེས་དང་ཨ་མྱེ་སོགས་ཀྱི་སྐོར་ཁ་བརྡ་བྱེད་དུས་ཞེ་ཚིག་བཀོལ་བ་དང་ཆེ་མཐོང་སྤྲད་དེ་བུ་ཕྲུག་གི་གོམས་གཤིས་ལ་བག་ཆགས་ཡག་པོ་འཇོག་དགོས་པ་གལ་ཆེ་བར་སེམས་སོ།།

ཕ་མའི་ལུས་ངག་ཡིད་གསུམ་གྱི་ཀུན་སྤྱོད་ནི་བུ་ཕྲུག་གི་མི་ཚེ་ཧྲིལ་བོའི་ཀུན་སྤྱོད་ཀྱི་ཚད་ཐིག་ཏུ་འཛིན་གྱི་ཡོད་པས། ཕ་མས་ནམ་ཡང་རང་ཉིད་ཀྱི་ཀུན་སྤྱོད་ལ་བདག་གཅེས་བྱེད་དགོས་ཤིང་། རང་སྟེང་ནས་འཚོ་བ་སྐྱེལ་སྟངས་དང་བྱ་བ་སྒྲུབ་སྟངས་སོགས་ཀྱི་ལམ་ནས་བུ་ཕྲུག་ལ་མིག་དཔེ་ཡག་པོ་འཇོག་དགོས། བུ་ཕྲུག་ཚད་ལྡན་གསོ་སྐྱོང་བྱེད་པའི་ཆ་རྐྱེན་གཙོ་བོ་ཞིག་ནི་ཕ་མ་ལ་བྱིས་སྐྱོང་སློབ་གསོའི་བྱེད་ཐབས་སྐོར་ལ་གོ་རྟོགས་ཡོད་པ་དང་སློབ་གསོའི་བྱེད་ཐབས་རྣམས་ལག་ལེན་དུ་འདེབས་དགོས་པ་དེ་ཡིན། དེ་ལྟར་ན་བུ་ཕྲུག་གི་ཁོར་ཡུག་ནས་རང་ཕན་རོགས་ཕན་གྱི་བྱ་བར་ཞུགས་ཏེ་བུ་ཕྲུག་གི་བསམ་བློ་གཏོང་སྟངས་ལ་བཟང་ཕྱོགས་ཀྱི་བག་ཆགས་འཇོག་ཐབས་བྱེད་དགོས། ཨ་རིའི་མི་རིགས་ནག་པོའི་ཐོབ་ཐང་རྩོད་ལེན་པ་དང་རྩོམ་པ་པོ་ཇེམ་སུ་བྷོལ་ཊི་བེན་(James Baldwin) མཆོག་གིས་བྱིས་པ་ཚོས་མི་རྒན་པས་བཤད་པའི་སྐད་ཆ་ལ་དེ་ཙམ་མི་ཉན་ནའང་། ཁོ་ཚོ་ལད་ཟློས་བྱེད་པར་འཆུག་རྒྱུ་མེད་ཅེས་གསུངས་ཡོད། དེ་ལྟར་ན་བུ་ཕྲུག་གི་ཁོར་ཡུག་ནས་བརྣབ་སེམས་དང་གནོད་སེམས། ལོག་ལྟ་སོགས་ཡིད་ཀྱི་མི་དགེ་བ་གསུམ་དང་འབྲེལ་བའི་བསམ་བློའི་ཀུན་སྤྱོད་ངན་པ་དག་ལ་ཡིད་གཟབ་བྱེད་དགོས། ལྷག་པར་དུ་ཕྲུ་གུ་ཆུང་ཆུང་ལ་རིན་ཐང་ལྟ་བ་ཟེར་བ་ཞིག་མེད་པར་བཤད་ཀྱང་ཁོ་ཚོ་འཚར་ལོངས་བྱེད་སའི་ཁོར་ཡུག་དང་འགྲོགས་འདྲིས་བྱེད་སའི་ཕ་མ་ཚོའི་གོམས་གཤིས་དང་ཀུན་སྤྱོད་ཀྱི་སྟེང་ནས་བྱིས་པའི་སེམས་ལ་འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་བ་སོགས་ཀྱི་འདུ་ཤེས་སྐྱེ་བ་ཡིན། དེ་ན་ཕ་མས་བུ་ཕྲུག་གི་འདུ་ཤེས་འཛིན་སྟངས་དང་བསམ་བློ་གཏོང་སྟངས་ལ་ཤུགས་རྐྱེན་ཡག་པོ་འཇོག་ཐབས་བྱེད་པ་དེ་ནི་ཕ་འཇོན་པོ་ལ་བུ་འཇོན་པོ་སྐྱེ། མ་མཛངས་མ་ལ་བུ་མོ་མཛངས་མ་སྐྱེ་ཞེས་པ་ལྟར། ཕ་མས་རང་གི་སྤྱོད་ལམ་གྱི་སྟེང་ནས་དཔེ་སྟོན་བྱེད་དགོས། གལ་སྲིད་ཕ་མས་རང་ཉིད་ཀྱི་སེམས་ཁམས་ལ་བདག་གཅེས་མ་བྱས་པར་ཕྲུ་གུ་གི་ཁོར་ཡུག་ནས་གཞན་གྱི་རྒྱུ་ནོར་དང་དབང་ཐང་སོགས་ལ་བརྣབ་སེམས་དང་། ཡུལ་མི་ཁྱིམ་མཚེས་རྣམས་ལ་གནོད་སེམས། བླ་མ་དཀོན་མཆོག་སོགས་རྒྱ་ཆེའི་མི་མང་གི་དད་པ་བྱེད་ཡུལ་ལ་སྐུར་འདེབས་སོགས་བྱས་ནས་བསྡད་པ་ཡིན་ན། བུ་ཕྲུག་གི་རྒྱུད་ལ་གོམས་གཤིས་ངན་པ་རྣམས་ངང་ངམ་ཤུགས་ཀྱིས་འབྱར་ཡོང་བ་ཡིན་པས། ཕྲུ་གུའི་ཁོར་ཡུག་ནས་ཕ་མས་རང་ཉིད་ཀྱི་ཀུན་སྤྱོད་ལ་སྟངས་འཛིན་ནན་མོ་བྱེད་རྒྱུ་ཧ་ཅང་གལ་ཆེ། བུ་ཕྲུག་གསོ་སྐྱོང་བྱེད་མཁན་ཕ་མ་ཚོས་སྐྱེས་བུ་དམ་པའི་ཡོན་ཏན་བརྗོད་པ་དང་། དྲིན་ཆེན་ཕ་མའི་བཀའ་དྲིན་བཤད་པ། མི་གཞན་གྱི་ཡོན་ཏན་དང་འཇོན་ནུས་ལ་མཐོང་ཆེན་དང་གདེང་འཇོག་བྱེད་པའི་གོམས་གཤིས་ཡོད་པ་ཡིན་ན་ལྷད་མེད་ཀྱི་བྱིས་སེམས་གཙང་མ་རུ་འཇགས་འགྲོ་བ་ཡིན། གལ་སྲིད་ཕ་མ་ལ་དེ་འདྲའི་གོམས་གཤིས་དང་ཀུན་སྤྱོད་མེད་པ་ཡིན་ན་ལྡོག་ཕྱོགས་ནས་ཤུགས་རྐྱེན་ཐེབས་པར་བཤད། ཕ་མའི་སྤྱོད་ངན་ནད་ཡིན། བྱིས་པར་འགོས་ན་དྲག་དཀའ་ཟེར་བ་ལྟར་བོད་ཕྱི་ནང་གི་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་གོམས་གཤིས་དང་ཀུན་སྤྱོད་ངན་པ་དག་ལ་གཟབ་དགོས་སོ།། 

མདོོར་ན་ང་ཚོས་ཕ་མ་ཞེས་པའི་མིང་བྱང་ཞིག་འཁུར་བསྡད་པ་ཙམ་གྱིས་མི་འགྲིག་པར། བུ་ཕྲུག་རྣམ་དཔྱོད་དང་ལྡན་པ་ཞིག་གཙོ་སྐྱོང་བྱེད་པའི་ལས་དོན་ལ་འགན་འཁུར་དགོས་ཤིང་། བུ་ཕྲུག་གི་གོམས་གཤིས་སུ་ཡ་རབས་སྤྱོད་བཟང་གི་བག་ཆགས་འཇགས་ཕྱིར་རང་ཉིད་ཀྱི་ཀུན་སྤྱོད་ངན་པ་རྣམས་ལ་བསྒྱུར་བཅོས་གཏོང་དགོས། དེ་ན་ང་ཚོ་བོད་པའི་ཕ་མ་ཚོས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ལག་ལེན་དུ་འཁེལ་རྒྱུ་མེད་པའི་སྐད་ཆ་ཆེན་པོ་རྐྱང་རྐྱང་བཤད་དེ་མི་སྡོད་པར། ཕ་མ་ཞིག་ཡིན་པའི་འོས་འགན་ངེས་པར་དུ་ཤེས་དགོས་ཤིང་། བུ་ཕྲུག་གི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་རང་ཉིད་ཀྱི་གོམས་གཤིས་དང་ཀུན་སྤྱོད་ལ་བརྟག་དཔྱད་བྱས་ཏེ་ལེགས་བཅོས་གཏོང་བའི་དུས་ལ་བབས་ཡོད་པ་རྟོགས་དགོས། དེ་བཞིན་དུ་བུ་ཕྲུག་རྣམས་བོད་པ་རྣལ་མ་ཞིག་ཏུ་སྐྱེད་སྲིང་བྱེད་པའི་ཆ་རྐྱེན་ཏེ་སྐད་དང་ཡི་གེ་སོགས་ལ་གཙིགས་ཆེན་བྱས་ཏེ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བུ་ཕྲུག་གི་གཤིས་རྒྱུད་དུ་བག་ཆགས་ཡག་པོ་འཇོག་ཐབས་ལ་ནམ་རྒྱུན་དུ་འབད་དགོས་པར་སེམས་སོ།།

Topic: ཕ་མའི་གོམས་གཤིས་ལས་བུ་ཕྲུག་ལ་ཤན་ཤུགས་ཐེབས་སླ།

No comments found.

New comment