བཟའ་ཚང་བར་བརྩི་བཀུར་ཡོད་ན་ཁྱིམ་ཚང་སྐྱོང་བར་དཀའ་ཁག་མེད།

བཟའ་ཚང་བར་བརྩི་བཀུར་ཡོད་ན་ཁྱིམ་ཚང་སྐྱོང་བར་དཀའ་ཁག་མེད།

རང་གིས་གཞན་མ་བཀུར་ན། གཞན་གྱིས་རང་མི་བཀུར་ཞེས་པ་ལྟར། གཞན་ལ་གུས་བརྩི་བྱེད་པ་དེ་གཙོ་བོ་ནང་སེམས་ལ་བརྟེན་ནས་ཡོང་དགོས་པ་མ་ཟད། ལུས་ཀྱི་རྣམ་འགྱུར་དང་སྐད་ཀྱི་གདེངས། མིང་ཚིག་བཀོལ་སྤྱོད་བྱེད་སྟངས་སོགས་ཀྱི་ཐད་ནས་ཀྱང་མངོན་པ་ཞིག་རེད། དེ་ནི་རང་བདེ་གཞན་སྐྱིད་ཡོང་བ་དང་། སྤྱི་ཚོགས་དང་ཚོགས་སྡེ། ཁྱིམ་ཚང་སོགས་ཀྱི་ནང་དུ་འཆམ་མཐུན་དང་མཉམ་གནས་ཡོང་བའི་མཐུན་རྐྱེན་ཞིག་ཡིན། བླ་མ་དང་སློབ་མ། དགེ་རྒན་དང་དགེ་ཕྲུག ཕ་མ་དང་བུ་ཕྲུག་གི་བར་དུའང་བརྩི་བཀུར་ནི་ཆེས་མེད་ཐབས་མེད་པ་ཞིག་ཡིན་ཞིང་། སྤྱི་ཚོགས་ཀྱི་དབུས་མཐའ་ཚང་མ་ན་གནས་པའི་མི་མང་ཚང་མ་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཡོང་བའི་ཆ་རྐྱེན་ཞིག་ཡིན། བརྩི་བཀུར་ནི་མོག་མོག་ནང་གི་རྒྱོང་ཤ་ལྟ་བུ་དང་ཟ་མའི་ནང་གི་ཚྭ་ལྟ་བུ་ཡིན་པར་སྙམ། གཞན་ལ་བརྩི་བཀུར་བྱེད་པའི་གོམས་གཤིས་ཡོད་པའི་མི་ཞིག་ཡིན་ན། གཞན་གྱི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་མི་བྱེད་པར་གཞན་གྱི་རང་དབང་དང་ཐོབ་ཐང་ལ་བརྩི་བཀུར་བྱེད་པ་ཡིན།གཞན་གྱི་དད་མོས་དང་བསམ་ཚུལ། དགའ་ཕྱོགས་སོགས་ལ་གུས་བརྩི་བྱེད་པ་ལས་འགོག་རྐྱེན་མི་བཟོ། གཙོ་བོ་མི་སུ་ཞིག་ལ་འགྲོགས་ཀྱང་བསམ་པ་རྣམ་དག་གིས་བསམ་ཤེས་དང་བསྟུན་ཤེས་བྱེད་པ་ཡིན་པས། གཤམ་དུ་གཞན་ལ་གུས་བརྩི་བྱེད་ཚུལ་དང་དེའི་དགོས་པ་སོགས་ཀྱི་སྐོར་ནས་ཅུང་ཟད་གླེང་བར་བྱ།

བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་ཞལ་ནས་རང་ལ་གཞན་གྱི་བཀུར་བསྟི་བྱེད་དགོས་ན་རང་གིས་གཞན་ལ་བཀུར་བསྟི་བྱེད་དགོས།རང་ལ་གཞན་གྱིས་གུས་པའི་ཚིག་སྨྲ་དགོས་ན་རང་གིས་གཞན་ལ་གུས་ཚིག་སྨྲ་དགོས།  གུས་བཀུར་ནི་གསོག་སྒྲུབ་བྱེད་དགོས་པ་ཞིག་ཡིན་པ་ལས་གང་འདོད་དུ་ལེན་ཆོག་པ་ཞིག་མིན་ཞེས་གསུངས་ཡོད་པ་ལྟར། ང་ཚོས་གཞན་གྱི་ལྟ་ཚུལ་དང་བསམ་ཚུལ། སེམས་ཁྲལ་དང་དཀའ་ངལ་སོགས་ལ་ལྷག་བསམ་རྣམ་དག་གིས་སེམས་ཁུར་བྱས་ཏེ་ཁོ་ཚོར་དཀའ་ངལ་སེལ་རོགས་དང་དགོས་མཁོ་སྒྲུབ་རོགས་བྱེད་དགོས་པ་ཡིན། དེ་ལྟར་བྱེད་ཐུབ་ན་གཞན་གྱིས་རང་ཉིད་ལ་གུས་བརྩི་དང་དགའ་ཞེན་བྱེད་ངེས། བརྩི་བཀུར་ནི་ཡར་འགྲོ་མར་ཡོང་བྱེད་སའི་གཞུང་ལམ་ལྟ་བུ་ཞིག་ཡིན་པ་ལས། ཡར་འགྲོ་ས་ཡོད་པ་ལས་མར་ཡོང་ས་མེད་པའི་ལམ་ཕྲན་ལྟ་བུ་ཞིག་མིན། བོད་པའི་གཏམ་དཔེ་ལ། མིས་མི་བརྩིས་ན་བླ་མ་དང་དཔོན་པོ། ཤིང་གིས་ཤིང་བཀྱགས་ན་ལྷ་ཁང་དང་གསེར་ཁང་ཞེས་བ་ལྟར། སྤྱི་ཚོགས་ཀྱི་བང་རིམ་མཐོ་ས་ན་བཞུགས་པའི་བླ་མ་དང་དཔོན་པོ་ལྟ་བུ་ལ་མཚོན་ནའང་། བརྩི་བཀུར་བྱེད་མཁན་གྱི་མང་ཚོགས་ཤིག་དགོས། མང་ཚོགས་ལ་མཚོན་ནའང་བྱམས་སྐྱོང་གནང་མཁན་གྱི་བླ་མ་དང་དཔོན་པོ་ཡག་པོ་རེ་དགོས་གལ་ཆེ།  སྤྱི་ཚོགས་ཀྱི་མཐོ་དམའ་བར་གསུམ་ན་བཞུགས་པའི་མི་སུ་ཞིག་ཡིན་ཀྱང་། གུས་བརྩི་དགའ་ཞེན་ལ་མོས་པ་ཡོད་མཁན་ཤ་སྟག་ཡིན་པ་ལས་མཐོང་ཆུང་དང་དམའ་འབེབ་ལ་དགའ་མཁན་ཞིག་ཡོད་པ་མ་རེད། ཡིན་ནའང་། སྒེར་གཅོད་དང་གཅིག་སྡུད་ལམ་ལུགས་ཀྱི་བག་ཆགས་འཐུག་པའི་མི་རེ་ཟུང་གི་སེམས་ལ་བརྩི་བཀུར་ནི་དམའ་ས་ནས་མཐོ་ས་ཁོ་ནར་བྱེད་དགོས་པ་ཞིག་ཡིན་པར་འདོད་ཀྱི་ཡོད་སྲིད་ཀྱང་། དེ་ནི་གནས་ལུགས་མེད་པ་དང་ལས་རྒྱུ་འབྲས་དང་མི་མཐུན། བདེན་པ་དང་རྒྱུ་འབྲས་ལྟ་གྲུབ་ཀྱི་རིག་པ་དང་འགལ་བ་ཞིག་ཡིན། གཉིས་མོས་ཀྱི་ལམ་ནས་ཕན་ཚུན་ལ་འདྲ་མཉམ་གྱིས་བརྩི་བཀུར་བྱས་པ་ཡིན་ན།  སྤྱི་ཚོགས་ནང་དུ་འཆམ་མཐུན་དང་བདེ་སྐྱིད་འབྱུང་ཞིང་ཐུན་མོང་གི་འཚོ་བའི་ཆེད་དུ་མི་ཚང་མས་ནུས་པ་མཉམ་དུ་འདོན་ཐུབ་པ་ཡིན། དེ་དང་ལྷན་དུ་ཡ་རབས་སྤྱོད་བཟང་དང་བྱམས་སྙིང་རྗེ། རྒན་བཀུར་གཞོན་བྱམས་ལ་སོགས་པའི་ལམ་སྲོལ་བཟང་བོ་རྣམས་ཀྱང་རྒྱུན་སྐྱོང་ཐུབ་པ་ཡིན། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས་རྣམ་དཔྱོད་དང་བློ་གྲོས། དབང་ཐང་དང་ལོངས་སྤྱོད། མཚན་སྙན་གྲགས་སོགས་ཇི་ཙམ་ཡོད་ཀྱང་། གཞན་ལ་བཀུར་བསྟི་བྱེད་སྟངས་ཀྱི་ཐད་ནས་ཡོད་ཚད་གསལ་བཤད་བྱེད་ཐུབ་པ་ཡིན་པས། གཞན་བཀུར་བ་ནི་ཧ་ཅང་གལ་ཆེའོ་ཞེས་གསུངས་ཡོད།

ཁྱིམ་ཚང་ནང་དུ་བརྩི་བཀུར་མེད་ན་རྩམ་པའི་ནང་དུ་མར་མེད་པ་དང་འདྲ་བས། ཁྱིམ་མི་ཚོའི་བར་དུ་བརྩི་བཀུར་ནི་ཧ་ཅང་གལ་ཆེ་བའི་དངོས་པོ་ཞིག་ཡིན། ཁྱིམ་ཚང་ནང་དུ་བདེ་སྐྱིད་དང་ཞི་བདེ་ཡོད་མེད་ནི་བཟའ་ཚང་བར་ལ་བརྩི་བཀུར་བྱེད་སྲོལ་ཡོད་མེད་ལ་ཐུག་ཡོད།སངས་རྒྱས་ཞེས་པའི་རྒྱ་གར་གྱི་བརྙན་འཕྲིན་ཟློས་གར་དེའི་ནང་དུ་བཅོམ་ལྡན་འདས་ཀྱིས་སློབ་མ་ཙུནྡ་ལ། ཟླ་མོ་ནི་ཟླ་བོའི་འཇིག་རྟེན་གྱི་ཕྱེད་ཀ་ཡིན་པས་ཟླ་བོ་ཡིས་ནམ་ཡང་རང་གི་ཟླ་མོ་ལ་ངེས་པར་དུ་བརྩི་བཀུར་ཞུ་དགོས་པ་ཡིན། ཟླ་བོས་མི་གཞན་གྱི་མདུན་སར་རང་གི་ཟླ་མོར་བསྙད་འདོགས་དང་། མཐོང་ཆུང་བྱེད་མི་རུང་ལ། ཟླ་མོས་ཀྱང་བུད་མེད་ཀྱི་བཟང་སྤྱོད་ལེགས་པར་སྲུང་རྒྱུ་གལ་ཆེ་བ་ཡིན། ཟླ་བོས་ཁྱིམ་སྐྱོང་བའི་འགན་འཁུར་ཏེ་བྱ་སྤྱོད་ངན་པ་རྒྱུན་དུ་འདོར་རྒྱུ་གལ་ཆེ་ཞེས་གསུངས་པ་ལྟར། ཆུང་མ་ནི་ཁྱིམ་སྐྱོང་གི་གཞི་མ་དང་བུ་ཕྲུག་གི་ཨ་མ།སྐྱིད་སྡུག་མཉམ་མྱོང་བྱེད་སའི་ཚེ་རོགས་ཡིན་པས་ནམ་རྒྱུན་ཁྱིམ་ཚང་གི་ཨ་མ་ལ་གུས་བཀུར་བྱེད་དགོས་པ་ཡིན། སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་ཁྱིམ་མཚེས་ལ་གཏོར་བཤིག་གཏོང་བ་ནི་དོན་ངོ་མར་རང་ཉིད་ལ་གཏོར་བཤིག་བཏང་བ་ཡིན་ཞེས་གསུངས་པ་ལྟར། ཁྱིམ་ཚང་ནང་གི་ཨ་མ་ལ་བརྩི་བཀུར་མི་བྱེད་པར་མཐོང་ཆུང་བྱེད་པ་ནི་དོན་ངོ་མར་རང་ཉིད་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་ཡིན། ཁྱིམ་ཚང་ནང་གི་ཨ་མ་ལ་གུས་བརྩི་མི་བྱེད་པའི་མི་དེས་ཁྱིམ་ཚང་ཡག་པོ་ཞིག་སྐྱོང་མི་ཐུབ་ལ་འཚོ་བ་སྐྱིད་པོ་ཞིག་ཀྱང་སྐྱེལ་མི་ཐུབ། ཡང་སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་ལྷད་མ་འདྲེས་པའིི་བརྩི་བཀུར་ནི་འཆམ་མཐུན་གྱི་རྨང་གཞི་ཡིན་ཞེས་གསུངས་ཡོད། བཟའ་ཚང་བར་དུ་ལྷད་མ་འདྲེས་པའི་བརྩི་བཀུར་བྱེད་སྲོལ་ཡག་པོ་ཞིག་ཡོད་པ་ཡིན་ན། བཟའ་མི་གཉིས་ཀྱིས་གཉེན་སྒྲིག་གི་དམ་བཅའ་ལེགས་པོར་བསྲུང་ཐུབ་པ་དང་། རང་དང་བཟའ་ཟླའི་མཚན་མཐོང་དང་ལ་རྒྱར་གནོད་པའི་ལས་ངན་པ་ནམ་ཡང་མི་བསྒྲུབ།བཟའ་མི་གཉིས་ཀྱི་ངོས་ནས་བཟའ་ཟླ་ལ་རང་གི་ལུས་ཀྱི་ཆ་ཤས་བཞིན་གཅེས་སྤྲས་བྱས་ཏེ་སེམས་ལ་མཚེར་སྣང་དང་དོགས་སྣང་བསྐྱེད་པའི་རྒྱུ་མི་བསྒྲུབ་པ་ཡིན། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས་ཁྱེད་ལ་གཞན་གྱིས་བཀུར་དགོས་ན། ཐོག་མར་ཁྱེད་ཀྱིས་གཞན་ལ་བཀུར་དགོས། གལ་སྲིད་ཁྱེད་ལ་གཞན་གྱིས་མ་བཀུར་ནའང་། ཁྱེད་ཀྱིས་ནམ་ཡང་གཞན་ལ་བཀུར་དགོས། གཞན་གྱི་བྱ་སྤྱོད་ལ་བརྟེན་ཏེ་རང་གི་བཟང་སྤྱོད་ཉམས་ཆག་ལ་འགྲོ་རུ་འཇུག་མི་ཉན། ཁྱེད་ནི་ཁྱེད་རང་གི་ངོ་ཚབ་ཡིན་པ་ལས། གཞན་གྱི་ངོ་ཚབ་མིན་ཞེས་གསུངས་ཡོད་པས་དེ་ལ་བསམ་གཞིག་གཏོང་དགོས་སོ།།

སྔོན་ཆད་ཕྲན་སློབ་མཐར་ཕྱིན་ཏེ་ཆེད་ལས་ལ་དངོས་སུ་ཞུགས་པའི་སྐབས་སུ། ངས་ལས་ཀ་འགོ་བཙུགས་པ་དང་ང་ཚོའི་འགོ་བ་བརྗེས་ཏེ་འགོ་བ་གསར་བ་ཞིག་བསླེབས་པ་རེད། མགོ་བ་གསར་བ་དེ་ནི་བྷི་ཟེལ་རྒྱལ་ཁབ་ (Brazil) ནས་ཡིན་པའི་གསར་འབྱོར་ཞིག་རེད། ཁོ་མོར་འགོ་ཁྲིད་ཀྱི་ཉམས་མྱོང་མེད་པས་གཤམ་འོག་གི་ལས་བྱེད་རྣམས་ལ་བརྩི་བཀུར་དང་ཡིད་ཆེས་བྱེད་ཐུབ་ཀྱི་མི་འདུག ང་ཚོས་ལས་ཁུངས་ནས་མི་ལ་གློག་འཕྲིན་གཏོང་བ་དང་ཁ་པར་རྒྱག་པ། མི་ལ་འབྲེལ་བ་བྱེད་པ་སོགས་མོས་མཐོང་དུས། སུ་ལ་ཁ་པར་གཏོང་གི་ཡོད་པ་དང་ཅིའི་ཕྱིར་བཏང་བ་ཡིན། སུ་ཞིག་ལ་འབྲེལ་བ་བྱེད་ཀྱི་ཡོད་སོགས་དྲིས་ཏེ་ཆེད་ལས་པ་ཞིག་གི་མཐོང་དང་རིན་ཐང་སྤྲོད་ཀྱི་མི་འདུག དེར་བརྟེན་ལས་ཁུངས་ནང་དུ་རྙོག་དྲ་མང་པོ་བྱུང་ཞིང་ངས་ཀྱང་ཟླ་བ་གཉིས་ཀྱི་རྗེས་སུ་ལས་ཀ་ནས་དགོངས་པ་ཞུས་པ་ཡིན། དཔེ་དེ་བཞིན་དུ། ཁྱིམ་ཚང་ནང་དུ་བཟའ་ཚང་བར་ལ་གུས་བརྩི་བྱེད་སྲོལ་མེད་པར་དུས་རྒྱུན་དུ་ཕན་ཚུན་གྱི་འགྲོ་འདུག་སྤྱོད་གསུམ་ལ་སྟངས་འཛིན་བྱས་བསྡད་པ་ཡིན་ན། དུས་ཡུན་རིང་བོར་ཁྱིམ་ཚང་གཅིག་གི་ངོ་བོར་གནས་ཐུབ་རྒྱུ་ཁག་པོ་ཡིན། སྔོན་ཆད་ཅིག་ལ་བྱིས་སྒྲུང་གླིང་དུ་འབྲོག་མོ་ཞིག་གིས་ཕ་མ་རྒན་རྒོན་དང་བུ་ཕྲུག་གཉོར་སྐྱོང་བྱེད་དགོས་ན་དཀའ་ལས་མི་འདུག ཡིན་ནའང་། ཁྱོ་ཀ་གཉོར་སྐྱོང་བྱེད་དགོས་ན་ངོ་མ་དཀའ་ལས་འདུག་ཅེས་བཤད་པ་རེད། ཁྱིམ་ལས་བྱེད་པའི་སྐབས་སུ་ཁྱོ་ཤུག་གཉིས་ལ་ནུས་པ་མཉམ་སྤུངས་བྱེད་སྲོལ་མེད་པ་ཡིན་ན་བྱིས་པ་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པར་ཧ་ཅང་དཀའ་ལས་ཁག་པོ་ཡིན་པར་སྙམ། ཡང་བྱིས་སྒྲུང་གླིང་དུ་འབྲོག་མོ་ཞིག་གིས། ངེད་བཟའ་བ་གཉིས་བཟང་ཚང་བྱས་ནས་ད་བར་དུ་ངའི་ཁྱོ་ཀས་ཐབ་ལ་མེ་གཏོང་མ་མྱོང་ལ་ཟ་མའང་བཟོ་མ་མྱོང་ཟེར་ཞིང་། ནང་དུ་ཁྱོ་ཀ་གཅིག་པོ་ཡིན་པའི་སྐབས་སུ་ཁྱིམ་མཚེས་ཚང་དུ་ཇ་འཐུང་དུ་བུད་འགྲོ་བ་རེད་ཅེས་བཤད་སོང་། གནས་སྟངས་དེ་འདྲའི་འོག་ཏུ་ཁྱིམ་ཚང་ཞིག་ཇི་ལྟར་སྐྱོང་ཐུབ་བམ། དེ་ལས་ཡིད་སྐྱོ་བའི་གནས་ཚུལ་ཞིག་ནི་སྐྱེས་པ་རེ་ཟུང་གིས་ཆུང་མ་དང་བུ་ཕྲུག་ཡོད་བཞིན་དུ་སྨད་ཚོང་མ་ལ་སོགས་པའི་བུད་མེད་འདྲ་མིན་ལ་འགྲོགས་ཏེ་ཨེ་ཛི་ལ་སོགས་པའི་ནད་ཡམས་ཁྱེར་ཡོང་སྟེ་ཁྱིམ་མི་ཚང་མ་ནད་པ་བཟོ་བཞིན་པའི་གནས་ཚུལ་ཡང་གོ་རྒྱུ་ཡོད་པས་དེ་དག་ལ་གཟབ་དགོས་པར་འདོད་དོ།། 

མདོར་བསྡུས་ན་བརྩི་བཀུར་ནི་གཞན་ལ་འབྲེལ་འདྲིས་བྱེད་པའི་སྐབས་སུ་ལུས་ཐོག་དང་ངག་ཐོག་ལ་སྦྱོར་དགོས་པའི་མིའི་བསམ་སྦྱོར་ཞིག་ཡིན་ཞིང་། གཞན་ལ་བརྩི་བཀུར་བྱེད་དགོས་པའི་རྒྱུ་མཚན་ནི་རང་གི་འཚོ་གནས་དང་འབྲེལ་བའི་བཟའ་བཏུང་ལོངས་སྤྱོད། མཁར་ཁང་བ།ཅ་དངོས་ཡོ་བྱད་ལ་སོགས་པ་ཐམས་ཅད་ལ་གཞན་ལ་འབྲེལ་བ་མེད་པ་དང་གཞན་གྱི་རྩོལ་བ་ལ་མ་བརྟེན་པ་ཞིག་མེད་པས་རེད། སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་རང་བདེ་བར་འདོད་ན་བྱམས་སྙིང་རྗེ་སྒོམ། གཞན་བདེ་བར་འདོད་མ་བྱམས་སྙིང་རྗེ་སྒོམ་ཞེས་ལམ་སྟོན་གནང་པ་ལྟར། ང་ཚོས་རང་གཞན་གཉིས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཕན་ཚུན་ལ་གུས་བརྩི་དགའ་ཞེན་བྱེད་རྒྱུ་གལ་ཆེ། ལྷག་པར་དུ་མི་རིགས་མི་གཅིག་པ་དང་ཆོས་ལུགས་མི་གཅིག་པ། ཡུལ་སྲོལ་གོམས་གཤིས་མི་གཅིག་པའི་མི་ཚོར་འགྲོགས་འདྲིས་བྱེད་པའི་སྐབས་སུ་ལུས་ངག་གཉིས་ཀྱི་ཐོག་ནས་གཞན་ལ་གུས་བརྩི་བྱེད་དགོས་པ་ཡིན་ནོ།།

Topic: བཟའ་ཚང་བར་བརྩི་བཀུར་ཡོད་ན་ཁྱིམ་ཚང་སྐྱོང་བར་དཀའ་ཁག་མེད།

No comments found.

New comment