བརྩེ་བ་གཙང་མ་ཞིག་ཡོད་ན་བུ་ཕྲུག་ཚད་ལྡན་ཞིག་སྐྱེད་སྲིང་བྱེད་ཐུབ།

བརྩེ་བ་གཙང་མ་ཞིག་ཡོད་ན་བུ་ཕྲུག་ཚད་ལྡན་ཞིག་སྐྱེད་སྲིང་བྱེད་ཐུབ།

གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་། 

 

2015 ལོའི་ལོ་མཇུག་ནས་བཟུང་བུ་ཕྲུག་གི་མདུན་ལམ་ལ་དོ་ཁུར་ཆེ་བའི་བོད་ཕྱི་ནང་གི་ཕ་མ་མང་པོ་སྐད་འཕྲིན་ལ་སོགས་པའི་དྲ་ལམ་དུ་ཞུགས་ཏེ། དུས་རབས་ཀྱི་འགྱུར་བ་དང་སྤྱི་ཚོགས་ཀྱི་དགོས་མཁོར་གཞིགས་པའི་བྱིས་པ་ཞིག་བོད་ལུགས་ལྟར་གསོ་སྐྱོང་ཇི་ལྟར་བྱེད་ཚུལ་་དང་། དེའི་ཆ་རྐྱེན་གཙོ་བོ་ཅི་ཞིག་ཡིན་པ་སོགས་ཀྱི་གླེང་གཞིའི་སྐོར་ལ་རིགས་གཅིག་རྐང་འཛིན་གྱིས་བགྲོ་གླེང་གནང་པ་དང་ཉམས་མྱོང་བརྗེ་རེས་བྱས་དང་བྱེད་བཞིན་ཡོད། ཕ་མ་དེ་དག་གི་འཚོ་སྡོད་བྱེད་ས་དང་འཚོ་རྟེན་གྱི་ལས་རིགས། སྤྱི་ཚོགས་ཀྱི་ཉམས་མྱོང་། སློབ་གསོའི་གནས་ཚད་དང་རིག་གནས་ཀྱི་རྒྱབ་ལྗོངས་སོགས་མི་འདྲ་བར་བརྟེན། བྱིས་སྐྱོང་གི་བྱེད་ཐབས་དང་དེའི་ཆ་རྐྱེན་སྐོར་ལའང་ལྟ་ཚུལ་མི་མཐུན་པ་ཡོད་པ་གསལ་བོ་ཡིན་ནའང་། བུ་ཕྲུག་གསོ་སྐྱོང་གི་ཆ་རྐྱེན་གཙོ་བོ་དེ་ཕ་མ་གཉིས་ཀྱི་བར་ལ་ལྷད་མེད་ཀྱི་བརྩེ་བ་གཙང་ཞིག་ཡོད་དགོས་པ་དེ་ཡིན་པ་ཕ་མ་ཚང་མས་གཅིག་མཐུན་དུ་དཔེ་དང་དོན་ལ་སྦྱར་ཏེ་གནས་ལུགས་དང་རྒྱུ་མཚན་མང་པོ་གསུངས་པ་ལེགས་པར་ཉན་ཞིང་།བུ་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་བྱེད་པའི་ཆ་རྐྱེན་གཙོ་བོ་དེ་ཕ་མ་གཉིས་ཀྱི་བར་ལ་བརྩེ་བ་རྣམ་དག་ཅིག་ཡོད་དགོས་པ་དེ་བདེན་པར་སེམས་སོ།། 

 

སངས་རྒྱས་ཞེས་པའི་རྒྱ་གར་གྱི་བརྙན་འཕྲིན་ཟློས་གར་དེའི་ནང་དུ་བཅོམ་ལྡན་འདས་ཀྱིས་ཙུནྡ་ཞེས་པའི་སློབ་མ་དེར། ཙུནྡ་ཟླ་བོ་དང་ཟླ་མོ་གཉིས་ཀྱི་བར་ལ་བརྩེ་བ་ཟབ་མོ་ཞིག་ཡོད་ན། དེ་ནི་གཟུགས་ཅན་གྱི་ལུས་དང་། རྒྱུ་ནོར་གྱི་རིན་ཐང་ལས་བརྒལ་ཡོད་པ་རེད་ཅེས་གསུངས་པ་ལྟར། གཉེན་སྒྲིག་བྱེད་མཁན་གྱི་མི་གཉིས་ཀྱི་བར་ལ་ལྷད་མེད་པའི་བརྩེ་བ་ཟབ་མོ་ཞིག་ཡོད་ན། ཁོང་གཉིས་ཀྱིས་ཕན་ཚུན་གྱི་བདེ་སྐྱིད་ཆེད་དུ་རང་ཚུགས་བཟུང་སྟེ་ཡུལ་སྲོལ་གོམས་གཤིས་སོགས་ཀྱི་འགོག་རྐྱེན་དག་ལ་གདོང་ལེན་བྱེད་ཐུབ་པ་ཡིན། བདག་ཉིད་ཆེན་པོ་གན་རྡིའི་ཞལ་ནས། བརྩེ་བ་གང་ན་ཡོད་ན་དེ་རུ་འཚོ་བ་ཡོད་ཅེས་གསུངས་པ་ལྟར། རྒྱུ་ནོར་དང་དབང

ཤུགས། མཚན་སྙན་གྲགས་སོགས་ཀྱི་གཞན་དབང་དུ་མ་སོང་བའི་སེམས་འདུན་གཙང་མ་ཞིག་དང་ལྷན་དུ་རང་ཉིད་ཀྱི་ཡིད་སྨོན་བྱེད་ས་དང་ཡིད་དབང་འཕྲོག་མཁན་གྱི་མི་དེར་རང་མོས་ཀྱིས་གཉེན་སྒྲིག་བྱེད་ཐུབ་པ་ཡིན་ན། དེ་ནི་རང་གི་མི་ཚེའི་བདེ་སྐྱིད་ཅིག་ཡིན་ཞིང་རེ་དོགས་ཀྱིས་བསྐྱེད་པའི་སྡུག་བསྔལ་སོགས་མེད་པར་སྐྱིད་སྡུག་མཉམ་མྱོང་གི་འཚོ་བ་འདོད་བློ་ཚིམ་པ་ཞིག་སྐྱེལ་ཐུབ་པ་ཡིན། རྒྱ་ནག་གི་མཚན་ཉིད་རིག་པ་ལོ་ཙི(Lao Tzu) ཞུ་བ་དེས་ཁྱེད་རང་ལ་མི་ཞིག་

གིས་བརྩེ་འདང་ཟབ་མོས་བཅིངས་པ་དེས་ཁྱེད་ལ་སྟོབས་ཤུགས་སྦྱིན་ཞིང་། ཁྱེད་ལ་མི་དེར་བརྩེ་དུང་ཟབ་མོ་ཡོད་པ་དེས་ཁྱེད་ལ་སྙིང་སྟོབས་སྩོལ་བ་ཡིན་ཞེས་གསུངས་ཡོད་པ་ལྟར། གཅིག་སེམས་གཅིག་ཏུ་འདྲིས་པའི་མི་གཉིས་ཁྱིམ་གཅིག་ཏུ་གནས་ཏེ་ཁྱིམ་ཚང་མཉམ་དུ་སྐྱོང་བ་ཡིན་ན། གཉེག་སྒྲིག་གི་དམ་ཚིག་ལ་བརྩི་སྲུང་བྱེད་ཐུབ་པ་དང་།ཕན་ཚུན་གྱི་བདེ་དོན་ལ་འགན་ཁུར་ཐུབ་པ་ཡིན། ལྷག་པར་དུ་བཟའ་མི་གཉིས་ཀྱིས་ཕན་ཚུན་གྱི་འཇོན་ནུས་གོང་སྤེལ་དུ་བཏང་སྟེ་དཔལ་ཡོན་གྱིས་ཕྱུག་པའི་ཁྱིམ་ཚང་སྐྱིད་པོ་ཞིག་སྐྱོང་ཐུབ་པ་ཡིན།སྐབས་དེར་ཁྱིམ་སྐྱོང་གི་བྱ་བ་དགའ་སྤྲོའི་ངང་བདེ་ལེགས་སུ་འགྲུབ་ཅིང་། སེམས་བསམ་པ་བརྩེ་བ་དང་ཡིད་ཆེས། དྲང་བདེན་དང་བརྩི་བཀུར།རང་དབང་དང་འདྲ་མཉམ་གྱི་རིན་ཐང་གིས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་བྱེད་ཐུབ་པ་ཡིན། དེ་འདྲའི་གནས་སྟངས་འོག་ཏུ་བུ་ཕྲུག་ཚད་ལྡན་ཞིག་བསྐྱེད་སྲིང་བྱེད་པར་དཀའ་ཁག་མེད་དོ།།  

 

བརྩེ་དུང་མེད་པར་ཡུལ་སྲོལ་གོམས་གཤིས་དང་རྒྱུ་ནོར་ལོངས་སྤྱོད། དབང་དང་གོ་ས། མཚན་དང་སྙན་གྲགས། ཆགས་སྲེད་ལ་སོགས་པའི་གཞན་དབང་འོག་ཏུ་གཉེན་སྒྲིག་བྱས་པ་ཡིན་ན། གཉེན་སྒྲིག་བྱེད་སའི་མི་དེའི་མི་གཞི་ཀུན་སྤྱོད་ལ་སོགས་པའི་གནད་དོན་གལ་ཆེ་བའི་སྐོར་ལ་རྒྱུས་ལོན་བྱེད་མི་ཐུབ་པ་ཡིན། དེ་འདྲའི་འཚོ་བའི་གནས་སྟངས་ཁྲོད་དུ་འདོད་པའི་བདེ་སྐྱིད་མི་ཐོབ་པར། མི་འདོད་པའི་སྡུག་བསྔལ་མྱོང་དགོས། ན་ནིང་ད་ལོ་ནས་བོད་པའི་སྤྱི་ཚོགས་དྲ་ངོས་སུ་མནར་གཅོད་མྱོང་མཁན་གྱི་བུད་མེད་མང་པོས་གདོང་བསྟན་ཏེ་མནའ་མར་སོང་པའི་དཀའ་སྡུག་དང་། གྱོས་པོ་དང་གྱོས་མོ། ཁྱོ་ག་བཅས་ཀྱིས་མནར་གཅོད་བཏང་བའི་ཉམས་མྱོང་སྐོར་གྱི་གནས་ཚུལ་བཤད་མཁན་ཇེ་མང་དུ་སོང་ཡོད་པ་དང་། ཉེས་ཅན་བཞིན་དུ་གཅར་རྡུང་ཁུར་དགོས་པ། བཙོན་མ་བཞིན་དུ་འགྲོ་འདུག་གི་རང་དབང་མེད་པ། སྒོ་ཁྱི་བཞིན་དུ་ཟ་འཐུང་གི་རང་དབང་མེད་པ། བྲན་གཡོག་བཞིན་དུ་རྒྱུ་ནོར་བེད་སྤྱོད་གཏོང་དབང་མེད་པ་ལ་སོགས་པའི་གནས་ཚུལ་སོགས་དཔེ་མཚོན་དང་བཅས་བཤད་ཀྱི་ཡོད། ལྷག་པར་དུ་ཕྱི་རྒྱལ་ལ་ཡོད་པའི་བུ་མོ་རེ་ཟུང་གིས་དབྱིན་སྐད་ཀྱི་ལམ་ནས་བོད་ཀྱི་བུད་མེད་ཀྱི་ལས་དབང་ཡོངས་ཁྱབ་ཏུ་གླེང་བཞིན་དྲ་བརྙན་བཟོ་ཡོང་གི་ཡོད། དེར་བརྟེན་མི་རིགས་ཀྱི་མཚན་མཐོང་ལ་རྒྱ་དང་རང་ཉིད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་བརྩེ་དུང་མེད་པར་གཉེན་སྒྲིག་བྱེད་རྩ་བ་ནས་མི་ཉན་པར་འདོད། བརྩེ་དུང་མེད་པའི་འཚོ་བ་ནི་བྲོ་བ་མེད་པའི་ཟ་མ་ཟོས་པ་འདྲ་ཞིང་བདེ་སྐྱིད་མེད་པའི་ཁྱིམ་ཚང་ནི་ཉི་འོད་མེད་པའི་བྲག་ཁུང་དུ་སྡོད་པ་དང་མཚུངས་པས། ཕན་ཚུན་བར་ལ་བཟའ་ཚང་གི་འདུ་ཤེས་མི་སྐྱེ་བ་དང་གཉེན་སྒྲིག་གི་དམ་བཅའ་སྲུང་མི་ཐུབ། དེ་དང་ལྷན་དུ་ཟུར་ཕོ་དང་ཟུར་མོ་བསྟེན་ཏེ་བརྩེ་དུང་མེད་པའི་བཟའ་ཟླ་ལ་མཐོང་ཆུང་དང་དམའ་འབེབས། ཐུབ་ཚོད་དང་གཉའ་གནོན་སོགས་བྱས་ཏེ་ཁྱིམ་ཚང་ནང་དུ་སྡུག་གི་དུད་སྨུག་འཐིབས་སྲིད་པ་ཡིན། དེ་ན་གཉེན་སྒྲིག་གི་ལས་ལ་འཇུག་པའི་ན་གཞོན་ཚོས་རང་སེམམ་ལ་ལྷད་མེད་པའི་བརྩེ་དུང་ཡོད་མེད་ལ་བརྟག་དགོས་པ་གལ་ཆེའོ།། དེ་ལས་ཀྱང་འཇིགས་སུ་རུང་བའི་གནས་ཚུལ་ཞིག་ནི་སློབ་གསོ་མྱོང་བའི་བོད་ཀྱི་བུད་མེད་རེ་ཟུང་ནས་བོད་ཀྱི་སྐྱེས་པ་ཚོའི་ཀུན་སྤྱོད་ལ་ཡིད་ཆད་དེ། རྒྱ་དང་ཁ་ཆེ་ལ་སོགས་པའི་མི་རིགས་གཞན་ལ་གཉེན་སྒྲིག་བྱེད་ཀྱི་ཡོད་པའི་གནས་ཚུལ་བྱུང་དང་འབྱུང་གི་ཡོད་པ་སྤྱི་སེམས་ཅན་གྱི་བོད་མི་ཁ་ཤས་ཀྱི་ངག་ལས་ཐོས་པས། དེ་ནི་བོད་མི་ཡོད་དོ་ཅོག་གིས་བསམ་གཞིག་གཏོང་དགོས་པའི་གནད་དོན་འཇིགས་སུ་རུང་བ་ཞིག་ཡིན་པར་འདོད།  དེ་ན་ཕོ་མོ་གང་རུང་གཉིས་ཀྱིས་གཉེན་སྒྲིག་བྱེད་དུས་ཕན་ཚུན་ལ་ལྷད་མེད་པའི་བརྩེ་བ་གཙང་མ་ཞིག་ཡོད་དགོས་པ་དང་། བརྩེ་བ་གཙང་མ་ཞིག་ཡོད་པའི་ཁྱིམ་ཚང་གི་ཁོར་ཡུག་ནས་ཕྲུག་གུ་ཚད་ལྡན་ཞིག་བསྐྱེད་སྲིང་བྱེད་པར་དཀའ་ཁག་མེད་དོ།།  

 

ངའི་བཟའ་ཟླས་རྣམ་རྒྱུན་བརྩེ་བ་ནི་ཉམས་སུ་མྱོང་རྒྱུ་གཅིག་པོ་མ་ཡིན་པར། ཁ་ཐོག་ལག་ཐོག་ནས་སྒྲུབ་དགོས་པ་ཞིག་རེད་ཅེས་བཤད་ཀྱི་ཡོད་ཅིང་། ང་དང་འབྲེལ་བའི་ལས་དོན་ག་འདྲ་ཞིག་ཡིན་ཀྱང་ཁོ་མོས་ནུས་པ་མཉམ་སྤོངས་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ངའི་འཇོན་ནུས་ཀྱིས་མི་འདང་བའི་ལས་དོན་རྣམས་མོས་གཙོ་སྒྲུབ་བྱེད་ཀྱི་ཡོད་པ། དཔེར་བཞག་ན་དབྱིན་ཡིག་གི་སྟེང་ནས་སྙན་ཞུ་འབྲི་བ་དང་ཡར་མར་ལ་འབྲེལ་བ་བྱེད་པ་སོགས་ཀྱི་ཐད་ནས་ཁོ་མོར་འཇོན་ཐང་ཡོད། གཞན་ངེད་གཉིས་ཀྱི་བུ་ཆུང་བོད་པའི་རིག་གནས་ཀྱི་སེམས་ཁམས་ཅན་ཞིག་དང་བོད་མི་རིགས་ལ་ཤ་ཞེན་ཡོད་མཁན་ཞིག་ཏུ་བསྐྱེད་སྲིང་བྱེད་པའི་ལས་དོན་ཐད་ནས་ཀྱང་མོས་ང་དང་འདྲ་མཉམ་གྱི་འགན་ཁུར་བཞིན་ཡོད་ལ་གྲུབ་འབྲས་ཀྱང་འདོད་བློ་ཚིམ་པ་ཞིག་ཐོན་ཡོད། འདིར་ངའི་སྐད་ཆའི་དོན་སྙིང་ནི་བཟའ་ཚང་བར་དུ་ལྷད་མེད་པའི་བརྩེ་བ་ཟབ་མོ་ཞིག་ཡོད་པ་ཡིན་ན། ཁྱིམ་སྐྱོང་གི་བྱ་བའི་གོ་རིམ་ཁྲོད་དུ་ཁྱོ་ཤུག་མཉམ་འབྲེལ་གྱིས་ནུས་པ་མཉམ་སྤོངས་ཀྱིས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་ཐུབ་ཀྱི་འདུག་ཅེས་པ་དེ་ཡིན། རང་གིས་གཉེན་བསྒྲིགས་སའི་མིར་དེར་ལྷད་མེད་པའི་བརྩེ་བ་གཙང་མ་ཞིག་ཡོད་དུས། རང་དང་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་ཆེད་དུ་བཟའ་ཟླས་ཅི་ཞིག་བྱེད་མིན་ལ་མི་ལྟ་བར། རང་ཉིད་ཀྱིས་བཟའ་ཟླ་དང་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་ཆེད་དུ་ཅི་ཞིག་བསྒྲུབ་ཐུབ་མིན་ཐད་འཇོན་ནུས་འདོན་པ་ཡིན། བཟའ་ཚང་བར་དུ་དེ་འདྲའི་བརྩེ་བ་གཙང་མ་ཞིག་ཡོད་པ་ཡིན་ན། ང་དང་ཁྱོད་ཅེས་པ་དང་།ངའི་དང་ཁྱོད་ཀྱི་ཞེས་པའི་ཕན་ཚུན་ལ་དབྱེ་འབྱེད་ཀྱི་བསམ་བློ་མི་སྐྱེ་བར། སྐྱིད་སྡུག་གཅིག་དང་ཁྱིམ་ཚང་གཅིག་གི་འདུ་ཤེས་བསྐྲུན་པའི་ང་ཚོ་དང་ང་ཚོའི་ཞེས་པའི་སྐྱིད་སྡུག་མཉམ་མྱོང་གི་བསམ་བློ་ངང་གིས་འཕེལ་ཞིང་། བདེན་པ་བདེན་ཐུབ་དང་དྲང་བདེན་དཔུང་བཞག་གིས་བཟའ་ཟླའི་བདེ་སྐྱིད་ནི་རང་ཉིད་ཀྱི་བདེ་སྐྱིད་ཡིན་པ་དང་། རང་ཉིད་ཀྱི་བདེ་སྐྱིད་དེ་ཡང་རང་གི་བཟའ་ཟླའི་བདེ་སྐྱིད་ཡིན་པའི་ངོས་འཛིན་བྱེད་ཐུབ་པ་དང་། རང་གི་བཟའ་ཟླའི་ལུས་སེམས་གཉིས་ལ་རང་ཉིད་ཀྱི་ལུས་ཀྱི་ཆ་ཤས་ལྟར་བདག་གཅེས་བྱེད་ཐུབ་པ་ཡིན། བདག་གཅེས་བྱེད་ཐབས་ཀྱང་ལག་ལེན་གྱི་སྟེང་ནས་དཔེ་སྟོན་ཐུབ་པ་ཡིན། རང་གཤིས་ལ་བཅོས་བསྒྱུར་བཏང་སྟེ་མི་གཞི་ཀུན་སྤྱོད་ལེགས་པའི་མི་ཚད་ལྡན་ཞིག་ཏུ་གྱུར་བའི་སྐབས་སུ། རང་གི་བཟའ་ཟླ་གཙོས་པའི་འགྲོགས་འདྲིས་བྱེད་སའི་ཁོར་ཡུག་གི་མི་ཚང་མར་ཤུགས་རྐྱེན་བཟང་བོ་ཐེབས་ཏེ་ཕན་ཚུན་གྱི་འབྲེལ་ལམ་ཇེ་བཟང་དང་ཇེ་ལེགས་སུ་འགྲོ་བ་ནི་ཆོས་ཉིད་ཡིན། སྐབས་དེར་རང་གི་མི་ཚེ་དང་རང་གི་ཁྱིམ་ཚང་གི་འཚོ་བ་ནི་བདེ་སྐྱིད་དང་ལྡན་ཞིང་རྩེད་དགོད་ཀྱི་ཁྲོད་དུ་སྐྱེལ་ཐུབ་པ་མ་ཟད། ཕ་མ་མཉམ་འབྲེལ་གྱིས་བུ་ཕྲུག་ཚད་ལྡན་ཞིག་བསྐྱེད་སྲིང་བྱེད་པར་དཀའ་ཁག་མེད་དོ།།  

 

མདོར་བསྡུས་ན་བུ་ཕྲུག་གི་མདུན་ལམ་ལ་ཐུགས་ཁུར་ཆེ་ཞིང་བྱིས་སྐྱོང་སློབ་གསོར་གཙིགས་ཆེན་བྱེད་པའི་བོད་ཕྱི་ནང་གི་ཕ་མ་མང་པོས་རིགས་གཅིག་རྐང་འཛིན་གྱིས་མི་ལོ་ལྔ་ལ་ཉེ་བར་དྲ་ངོས་སོ་སོ་ནས་དུས་རབས་ཉེར་གཅིག་པའི་ནང་དུ་བོད་ལུགས་ལྟར་བུ་ཕྲུག་ཚད་ལྡན་ཞིག་སྐྱེད་སྲིང་བྱེད་པའི་བྱེད་ཐབས་དང་ཆ་རྐྱེན་གྱི་སྐོར་ལ་ཉམས་མྱོང་བརྗེ་རེས་ཀྱིས་བགྲོ་གླེང་ལྷུག་པོར་བྱས་པའི་བསམ་ཚུལ་དང་ལྟ་ཚུལ་མཐུན་ས་དེ་ནི་ཕ་མ་གཉིས་ཀྱི་བར་ལ་ལྷད་མེད་པའི་བརྩེ་བ་གཙང་མ་ཞིག་གི་ཆ་རྐྱེན་ཡོད་ན་བུ་ཕྲུག་ཚད་ལྡན་ཞིག་གསོ་སྐྱོང་བྱེད་ཐུབ་པར་གཞུང་ལུགས་ལུང་དུ་དྲངས་ཤིང་། ཉམས་མྱོང་དཔེ་རུ་བཞག་སྟེ་གླེང་མོལ་མང་པོ་གནང་པ་དང་། བོད་རང་གི་རིག་གནས་དང་དེང་རབས་སློབ་གསོའི་གཤོག་ཟུང་ལྡན་པའི་བུ་ཕྲུག་ཚད་ལྡན་ཞིག་བསྐྱེད་སྲིང་བྱེད་པའི་ཆ་རྐྱེན་གཙོ་བོ་དེ་ཕ་མ་གཉིས་ཀྱི་བར་ལ་བཀྲུས་ན་མི་འདག་པ་དང་གཏོར་ན་མི་འཐོར་བའི་བརྩེ་བ་གཙང་མ་ཞིག་ཡོད་དགོས་པ་དེའོ།།

 

སྤྱི་ལོ་༢༠༢༠ ལོའི་ཟླ་བ་༡༠ བའི་ཚེས་ ༢༧ ཉིན་སྤེལ། 

 

Topic: བརྩེ་བ་གཙང་མ་ཞིག་ཡོད་ན་བུ་ཕྲུག་ཚད་ལྡན་ཞིག་སྐྱེད་སྲིང་བྱེད་ཐུབ།

No comments found.

New comment