བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་འགྱུར་ལྡོག་སྐོར་རོབ་ཙམ་གླེང་བ།

བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་འགྱུར་ལྡོག་སྐོར་རོབ་ཙམ་གླེང་བ།

བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་འགྱུར་ལྡོག་སྐོར་རོབ་ཙམ་གླེང་བ།


སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་གསུངས་པ་ལྟར། སྐྱེ་དངོས་ལ་སོགས་པའི་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་སྐད་ཅིག་སྐད་ཅིག་གིས་འགྱུར་བཞིན་ཡོད་ཅིང་། འཇིག་རྟེན་འདིའི་སྟེང་དུ་འགྱུར་མེད་གཏན་གནས་ཀྱི་བྱ་དངོས་ཤིག་མེད་པར་གྲགས། ཁྱད་པར་དུ་འགྲོ་བ་མི་གཙོས་པའི་སྲོག་ལྡན་སེམས་ཅན་ཐམས་ཅད་མའི་མངལ་དུ་ཞུགས་པ་ནས་འགྱུར་ལྡོག་སྐད་ཅིག་རེ་རེའི་ནང་དུ་འགྲོ་བཞིན་ཡོད། མངལ་གནས་སློབ་གསོར་རྒྱུས་མངའ་ཡོད་པའི་ཕ་མ་ཚོས་བྱིས་པའི་འཕེལ་འགྱུར་ལ་ཕན་པའི་འཚོ་བཅུད་བཟང་བའི་ཟས་རིགས་བསྟེན་གྱི་ཡོད་པར་བརྟེན། མངའ་གནས་བྱིས་པ་ཚོ་བྱིས་པ་གཞན་དང་མི་འདྲ་བར་བཤད། དེ་ལྟར་ན་ཕ་མ་ལ་སོགས་པའི་བྱིས་པ་གཉོར་སྐྱོང་བྱེད་མཁན་ཚོའི་མིག་གི་སྤྱོད་ཡུལ་དུ་གྱུར་བའི་འགྱུར་ལྡོག་དེ་ནི་ཕྲུ་གུ་ཨ་མའི་མངལ་ལས་སྐྱེས་ཏེ་ལོ་ཤས་ཀྱི་ནང་ཡིན་པ་དཔེར་ན། འགུལ་སྐྱོད་རྒྱག་ཐུབ་པ་ནས་ཙོག་པུར་འདུག་ཐུབ་པ། གོག་ཐུབ་པ་ནས་ལངས་ཐུབ་པ། འགྲོ་ཐུབ་པ་ནས་རྒྱུག་ཐུབ་པ། ལག་བརྡ་བྱེད་པ་ནས་སྐད་ཆ་བཤད་ཐུབ་པ་ལ་སོགས་པའི་འཚར་ལོངས་ཀྱི་གོ་རིམ་ནང་དུ་འགྱུར་ལྡོག་མང་བོ་ཞིག་འགྲོ་བཞིན་ཡོད། དེས་ན་ཕ་མ་ཚོས་བུ་ཕྲུག་གི་ལང་ཚོ་རྒྱས་བཞིན་པའི་དུས་སྐབས་ཀྱི་འགྱུར་ལྡོག་ལ་སྣང་ཆུང་མི་བྱེད་པར་དོ་སྣང་སྤྲོད་རྒྱུ་གལ་ཆེན་པོར་བརྩིས་ཏེ་བུ་ཕྲུག་ལ་རོགས་རམ་བྱེད་དགོས། བྱིས་པའི་སློབ་གསོ་དར་རྒྱས་སུ་སོང་བའི་རྒྱལ་ཁབ་ཚོའི་ནང་དུ་བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་སློབ་གསོ་ལ་མཐོང་ཆེན་བྱེད་པའི་གོམས་སྲོལ་ཡོད། ང་ཚོ་བོད་པའི་ཕ་མ་ཚོས་ཀྱང་བུ་ཕྲུག་གི་ལང་ཚོ་རྒྱས་པའི་སྐབས་ཀྱི་འགྱུར་ལྡོག་དང་འབྲེལ་བའི་སློབ་གསོ་ལ་དོ་སྣང་བྱེད་དགོས་པར་སེམས་སོ། །
ཕ་མ་ཚད་ལྡན་ཞིག་ལ་མཚོན་ན་མི་ཚེའི་ནང་དུ་ཆེས་གལ་ཆེ་བའི་ལས་དོན་དེ་ནི་བདེ་ཐང་དང་འཕྲོད་བསྟེན་ཡག་པོ་ཡོད་པའི་བུ་ཕྲུག་སྤྱང་གྲུང་ལྡན་པ་ཞིག་གསོ་སྐྱོང་བྱེད་རྒྱུ་དེ་ཡིན། དེ་ལྟར་ན་བུ་ཕྲུག་གི་འཚར་ལོངས་ཀྱི་གོ་རིམ་དང་འབྲེལ་བའི་གནས་ཚུལ་ཅུང་ཟད་རྟོགས་མཁན་ཞིག་ཡིན་དགོས་པ་དང་། བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་འགྱུར་རྡོག་དང་འབྲེལ་བའི་རྒྱུན་ཤེས་སྐོར་ལ་རྒྱུས་མངའ་ཡོད་པའི་སྟེང་ནས་བུ་ཕྲུག་ལ་སློབ་གསོ་སྤྲད་དེ་གསོ་སྐྱོང་བྱེད་དགོས། སྤྱིར་དུས་ཚོད་ཀྱི་ཆ་ནས་ཕོ་མོ་གཉིས་ཀྱི་ལང་ཚོ་རྒྱས་པའི་དུས་སྐབས་ལ་སྔ་གཞུག་ཅུང་ཟད་ཡོད་པར་བཤད་ཅིང་། བུ་མོ་མང་ཤོས་ཀྱི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་ལོ་ཚད་དེ་ལོ་༩་ནས་ལོ་༡༣་པར་ཡིན་པ་དང་། བུ་ཚོའི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་ལོ་ཚད་ནི་ལོ་༡༠་ནས་ལོ་༡༥་བར་ཡིན་པར་བཤད་འདུག བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་སུ་ལུས་ལ་འགྱུར་ལྡོག་འགྲོ་བ་མ་ཟད། སེམས་ཁམས་ལའང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ། དཔེར་ན། བུ་མོ་ཚོ་ལོ་༩་ནས་༡༣་ཀྱི་བར་ལ་བྲང་ལས་ནུ་མ་རྒྱས་ཏེ་ཕྱིར་འབུར་བ་དང་མཚན་མ་ལས་ཟླ་མཚན་འབབ་པར་བཤད། སྐབས་དེར་ཁམས་དམར་གྱི་སྣོད་ཇེ་ཆེ་རུ་འགྲོ་བ་དང་། གཟུགས་པོ་ནས་རྔུལ་ཆུ་མང་བོ་བཞུར་བ། སྐྲ་དང་པགས་པ་སྣུམ་ཅན་དུ་འགྱུར་བ། གཟུགས་སྐྱེ་ཞིང་ཤ་ཇེ་རྒྱགས་སུ་འགྲོ་བ། རྐང་ལག་ཇེ་རིང་དང་རྐང་ལག་གྱི་མགོ་ཇེ་ཆེར་འགྲོ་བ། འདོམས་སྤུ་དང་མཆན་སྤུ་སྐྱེ་བ། གདོང་ལ་འབྲུམ་འབུ་འབུད་པ་དང་ངོ་གདོང་ཆེ་རུ་འགྲོ་བ། དཔྱི་མགོ་ཇེ་ཆེ་རུ་འགྲོ་བ་ལ་སོགས་པའི་འགྱུར་ལྡོག་ཆེན་པོ་འགྲོ་བར་བཤད། བུ་ཚོ་ལའང་འགྱུར་ལྡོག་དེ་བཞིན་དུ་འགྲོ་བ་དཔེར་ན་གཟུགས་པོ་ཇེ་རིང་དང་ཤ་རྒྱགས་སུ་འགྲོ་བ། རྐང་ལག་ཇེ་རིང་དང་རྐང་ལག་གི་མགོ་ཇེ་ཆེར་འགྲོ་བ། འདོམས་སྤུ་དང་མཆན་སྤུ་སྐྱེ་བ། མཚན་མ་འགྲེང་རྒྱུ་མང་བ་དང་ཁུ་བ་འཆོར་བ། ཨོལ་མདུན་འབུར་བ་དང་སྐད་ཇེ་སྦོམ་དུ་འགྲོ་བ། ངོ་གདོང་ཇེ་ཆེར་འགྲོ་བ་དང་གདོང་ལ་འབྲུམ་འབུ་འབུད་པ། ཁ་སྤུ་སྐྱེ་བ་ལ་སོགས་པའི་འགྱུར་ལྡོག་ཆེན་པོ་འགྲོ་བར་བཤད། དེ་བཞིན་དུ་བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་སུ་བུ་ཕྲུག་ལ་ནང་སེམས་ཀྱི་དཀའ་ངལ་མང་པོ་ཞིག་ཡོད་པར་བཤད་པས། ཕ་མ་གཉིས་ཀྱིས་བུ་ཕྲུག་ལ་སྒོ་ཀུན་ནས་རོགས་རམ་བྱེད་དགོས་སོ། །


བོད་པའི་ཡུལ་སྲོལ་དུ་བུ་བུ་མོའི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་འགྱུར་ལྡོག་སྐོར་གྱི་སློབ་གསོ་སྤྲོད་པ་དང་གླེང་སློང་བྱེད་པའི་ལུགས་སྲོལ་དང་གོམས་གཤིས་མེད་པར་སྣང་ཞིང་། ས་ཆ་མང་པོ་ཞིག་ཏུ་དེ་ནི་ངོ་ཚ་ཞིག་ཏུ་བརྩིས་ཏེ་གསང་བ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཡོད། ན་ཚོད་དར་ལ་བབས་པའི་གཞོན་ནུ་མ་ཞིག་ཡིན་ན་ཟླ་བ་རེའི་ནང་དུ་ཟླ་མཚན་ཐེངས་རེ་འབབ་པ་ནི་རང་བཞིན་ཡིན་པར་གྲགས་ཤིང་། གལ་སྲིད་ཟླ་བ་རེའི་ནང་དུ་ཟླ་མཚན་ཐེངས་རེ་མ་བབས་པ་ཡིན་ན། འཕྲོད་བསྟེན་མེད་པའི་རྟགས་ཡིན་པར་བཤད་པས་ངེས་པར་དུ་སྨན་ཁང་དུ་བརྟག་དཔྱད་ལ་འགྲོ་དགོས། སྡེ་བ་གཅིག་པའི་སྡེ་མི་ཚོས་བུ་མོ་ཞིག་ལ་ཟླ་མཚན་འབབ་ཀྱི་ཡོད་པའི་གནས་ཚུལ་གོ་ཐོས་བྱུང་བའི་སྐབས་སུ། ཟླ་མཚན་འབབ་པ་ནི་ལང་ཚོ་རྒྱས་པའི་མཚོན་རྟགས་ཤིག་ཡིན་པ་མི་ཤེས་པར་བུ་མོ་དེར་མཐོང་ཆུང་དང་དམའ་འབེབས། ཟུར་ཟ་དང་འཕྱ་སྨོད་སོགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོས་རྒྱུ་ཡོད་ལ། བུ་མོ་ཚོས་ཀྱངདེ་ནི་་ངོ་ཚ་ཞིག་ཏུ་བརྩིས་ཏེ་ཟླ་མཚན་འབབ་དུས་གསང་བ་བྱེད་ཀྱི་ཡོད་འདུག དཔེར་ན་ཨ་མ་ཆུང་དུས་ནས་གྲོངས་ཟིན་པའི་བུད་མེད་ཤེས་ཡོན་ཅན་ཞིག་གིས་བྱིས་སྒྲུང་གླིང་དུ་སྐད་ཆ་འདི་འདྲ་ཞིག་བཤད་པ་རེད། མོ་རང་ལོ་བཅུ་གཉིས་ཡིན་པའི་སྐབས་སུ། འཛིན་གྲྭའི་ནང་དུ་དགེ་རྒན་གྱི་འཆད་ཁྲིད་ལ་ཉན་ཡོད་པའི་སྐབས་སུ་གློ་བུར་དུ་མོ་ལ་ཟླ་མཚན་བབས་པ་དང་། མོའི་སེལས་ལ་དགེ་རྒན་དང་སློབ་གྲོགས་ཚོའི་འཕྱ་སྨོད་བྱེད་པར་དོགས་ཏེ་ཞེད་སྣང་གིས་ལག་པ་གཉིས་ཀྱིས་མདུན་ཅོག་ལ་དམ་པོར་འཐམས་ཏེ་རྐུབ་བཀྱག་ལས་ཡར་ལངས་པའི་སྤོབས་པ་མེད་པར་ཉིན་ཞག་གཉིས་ལ་བསྡད་པ་དང་། དེ་རྗེས་སུ་གཙང་ཤོག་འཇོག་སྟངས་དང་གཙང་དོར་དཀྲུ་སྟངས་སོགས་མ་ཤེས་པའི་དཀའ་ངལ་ལ་འཕྲད་པའི་གནས་ཚུལ་བཤད་བྱུང་། དེ་ལྟར་ན་ཕ་མ་ཚོས་རང་གི་བུ་ཕྲུག་ལ་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་འགྱུར་ལྡོག་སྐོར་གྱི་སློབ་གསོ་སྤྲོད་རྒྱུ་ཤེས་དགོས་ཤིང་། ལྷག་པར་བུ་་མོ་ཚོའི་མཚན་མའི་བདེ་ཐང་ལ་མི་གནོད་པའི་གཙང་ཤོག་དང་གསང་དོར་གྱི་མཐུན་རྐྱེན་བསྐྲུན་དགོས། གལ་སྲིད་ཕ་མ་རང་ངོས་ནས་ཐད་ཀར་སློབ་གསོ་སྤྲོད་སྟབས་མ་བདེ་བ་ཡིན་ན། བུད་མེད་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་ཐབས་སྐོར་གྱི་དཔེ་ཆ་ཉོས་ཏེ་སྤྲོད་པ་དང་དེའི་སྐོར་གྱི་ཟབ་སྦྱོང་ལ་གཏོང་བ་སོགས་བྱེད་དགོས། སྤྱིར་བུད་མེད་ལ་ཟླ་མཚན་མི་འབབ་པའི་རྒྱུ་རྐྱེན་གཉིས་ཡོད་ཅིང་། གཅིག་ནི་བུད་མེད་མངལ་དང་ལྡན་པར་གྱུར་བ་དང་། གཉིས་ནི་ལོ་རྒས་སུ་སོང་དུས་ཟླ་མཚན་ཆད་འགྲོ་བ་གསོ་བ་རིག་པའི་གཞུང་ནས་གསུངས། དེ་ལྟར་ན་ཕ་མ་གཙོས་པའི་བྱིས་སྐྱོང་དགེ་རྒན་དང་སློབ་ཆུང་དགེ་རྒན་ཚོས་བྱིས་པའི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་སློབ་གསོའི་སྐོར་ལ་མཁྱེན་རྟོགས་བྱས་ཏེ་བུ་ཕྲུག་དང་སློབ་མ་ཚོ་དཀའ་ངལ་ལ་འཕྲད་དུ་འཇུག་མི་ཉན་པར་འདོད་དོ།


ང་ཚོ་བོད་པའི་སྙན་ངག་པ་ཚོས་བུད་མེད་ཀྱི་གཟུགས་ལང་ཚོ་ལ་བསྟོད་པ་བྱེད་དུས་ནུ་རྒྱས་མ་དང་ནུ་འབུར་མ་ལ་སོགས་པའི་ཚིག་གིས་བསྟོད་སྲོལ་ཡོད་ཀྱང་། བུ་མོ་ཚོ་ལང་ཚོ་རྒྱས་པའི་དུས་སྐབས་ལ་ཐོན་ཏེ་ལུས་ཀྱི་རྣམ་པ་ལ་འགྱུར་ལྡོག་མང་པོ་ཞིག་སོང་སྟེ། བྲང་ལས་ནུ་མ་འབུར་བ་ལ་སོགས་པའི་སྐབས་སུ། སྤྱི་ཚོགས་ནང་གི་མི་མང་པོ་ཞིག་གིས་བུ་མོ་ག་གེ་མོ་དེའི་ནུ་མ་འབུར་སྟངས་ལ་བལྟས་ན་དགའ་རོགས་ཡོད་ས་རེད་ཅེས་དང་། བུ་མོ་ག་གེ་མོ་དེར་ཟླ་མཚན་འབབ་སྟངས་ལ་བལྟས་ན་ཆགས་སྤྱོད་བྱེད་ཀྱི་ཡོད་ས་རེད་ཅེས་འཕྱ་སྨོད་བྱེད་པའི་གནས་ཚུལ་ཡོད། དོན་ངོ་མར་འཕྱ་སྨོད་བྱེད་མཁན་ཚོ་རང་ཉིད་མ་རིག་པ་དང་རྨོངས་པའི་དབང་དུ་སོང་སྟེ་གླེན་རྟགས་བསྟན་པ་དང་གླེན་བཤད་བྱེད་ཀྱི་ཡོད་པ་ལས། བུ་མོ་ཚོའི་ན་ཚོད་སྨིན་པའི་དུས་སྐབས་སུ་ནུ་མ་འབུར་བ་ནི་རང་བཞིན་ཡིན་པ་ལས་ཆགས་སྤྱོད་བྱེད་ཀྱི་ཡོད་མེད་དང་ཆུང་དུས་དགའ་རོགས་ཡོད་མེད་ལ་འབྲེལ་བ་ཡོད་པ་ཞིག་མིན། དེར་བརྟེན་ཕ་མ་ཚོས་རང་གི་བུ་མོ་ལ་ནུ་མར་བདག་གཅེས་བྱེད་སྟངས་དང་སྲུང་སྐྱོབ་བྱེད་སྟངས་ཀྱི་སློབ་གསོ་སྤྲད་ཏེ་བདེ་ཐང་དང་འཕྲོད་བསྟེན་ཡག་པོ་ཡོད་པའི་གཞོན་ནུ་མ་ཞིག་བསྐྱེད་སྲིང་བྱེད་པར་བརྩོན་དགོས། ཡང་ལོ་ཁ་ཤས་ཀྱི་སྔོན་དུ་བྱིས་སྒྲུང་གླིང་དུ་སློབ་གསོའི་ལས་གནས་སུ་ཡོད་པའི་བུད་མེད་ཁག་ཅིག་གིས་སྤྱི་ཚོགས་ཀྱི་གནོན་ཤུགས་དང་འཕྱ་སྨོད་ལ་སྐྲག་སྟེ་ཁོ་ཚོས་རང་གི་ན་ཚོད་སྨིན་པའི་དུས་སྐབས་སུ་བྲང་ལས་ནུ་མ་འབུར་དུ་མ་བཅུག་པར་སྐ་རགས་གིས་དམ་པོར་བསྡམས་པའི་གནས་ཚུལ་བཤད་པ་དང་། དེའི་མཇུག་འབྲས་སུ་ཁོ་ཚོ་བུ་ཕྲུག་གི་ཨ་མར་གྱུར་བའི་སྐབས་སུ་ནུ་མའི་རྩ་རྣམས་འཁུམས་ཏེ་འོ་མ་མ་བབས་པའི་དཀའ་ངལ་ལ་འཕྲད་པའི་གནས་ཚུལ་བཤད་པ་རེད། དེ་བཞིན་དུ་བྱིས་སྒྲུང་གླིང་གི་རྐང་འཛིན་དགེ་རྒན་དང་། བྱིས་སྒྲུང་རྩོམ་པ་པོ་རོང་སྐྱེས་དོན་གྲུབ་ཚེ་རིང་ལགས་ཀྱིས་སྔོན་ཆད་ཁོའི་ཆུང་མས་ཀྱང་ལང་ཚོ་རྒྱས་པའི་དུས་སྐབས་སུ་ནུ་མ་རས་ཀྱིས་བསྡམས་པ་དང་དེའི་མཇུག་འབྲས་སུ། མོ་ལ་ཕྲུ་གུ་བཙས་རྗེས་ནུ་མ་ལས་འོ་མ་མ་བབས་པའི་དཀའ་ངལ་ལ་འཕྲད་པའི་གནས་ཚུལ་གསུངས་པ་རེད། དེ་ལྟར་ན་དུས་རབས་ཀྱི་འགྲོོས་དང་བསྟུན་ཏེ་སྲོལ་རྒྱུན་གྱིས་བསྐྱེད་པའི་ང་ཚོའི་གོམས་གཤིས་ངན་པ་རྣམས་མེད་པར་གཏོང་དགོས་ཤིང་། བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་འགྱུར་ལྡོག་སྐོར་གྱི་ཤེས་བྱ་དག་ཁྱབ་སྤེལ་གཏོང་རྒྱུ་གལ་ཆེ། ནུ་མ་བདག་གཅེས་བྱེད་སྟངས་དང་སྲུང་སྐྱོབ་བྱེད་སྟངས་ཀྱི་སློབ་གསོ་བུ་ཕྲུག་ཚོར་སྤྲོད་དགོས་པ་དཔེར་ན། ནུ་མ་འཕུར་མཉེད་བྱས་ན་ནུ་རྩ་མི་འཁུམ་པར་ཕན་ཐོགས་ཡོད་པ་དང་། ནུ་མ་ལ་མི་གནོད་པའི་ནུ་ཁེབས་གྱོན་དགོས་བའི་བསླབ་བྱ་བྱེད་དགོས། བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་སུ་བུ་མོའི་ལུས་ལ་འགྱུར་ལྡོག་འགྲོ་བ་ལྟར་དུ་བུ་ཚོའི་ལུས་ལའང་འགྱུར་ལྡོག་གཅིག་མཚུངས་སུ་འགྲོ་བཞིན་ཡོད། ཡིན་ནའང་། ཕོ་དབང་ལམ་ལུགས་ཀྱི་སྤྱི་ཚོགས་ནང་དུ་བུ་མོ་ཚོའི་ལུས་ལ་འགྱུར་ལྡོག་སོང་སྟེ་བྲང་ལས་ནུ་མ་འབུར་བའི་གནས་ཚུལ་སོགས་བྱུང་དུས་མི་ཚོས་འཕྱ་སྨོད་བྱེད་པ་དང་མིང་ངན་བསྒྲགས་ཀྱི་ཡོད། བུ་ཚོའི་ལུས་ལ་འགྱུར་ལྡོག་ག་རེ་འགྲོ་བཞིན་ཡོད་མེད་ལ་གླེང་སློང་བྱེད་སྲོལ་དང་འཕྱ་སྨོད་བྱེད་སྲོལ་མེད། འདྲ་མཉམ་མིན་པའི་ལྟ་ཚུལ་འདི་ནི་སྤྱི་ཚོགས་ཀྱི་ལམ་ལུགས་ནང་དུ་ཕོ་མོ་གཉིས་འདྲ་མཉམ་མ་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད། གལ་སྲིད་ང་ཚོས་ལམ་ལུགས་དེར་བསྒྱུར་བཅོས་མ་བཏང་པར་མུ་མཐུན་དུ་རྒྱུན་སྐྱོང་བ་ཡིན་ན། ད་ལྟའི་བུ་ཕྲུག་དང་མ་འོངས་པའི་ཨ་མ་དེ་ཚོ་ལུས་བདེ་སེམས་སྐྱིད་ཅན་ཞིག་ཏུ་འགྱུར་དཀའ་བར་འདོད་དོ། །


མདོར་བསྡུས་ན་སྐྱེ་དངོས་ཐམས་ཅད་ལ་ཐུན་མོང་གི་ཆོས་ཉིད་གཅིག་ཡོད་པ་དེ་ནི་སྐད་ཅིག་རེ་རེའི་ནང་དུ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དེ་རེད། ལྷག་པར་དུ་འགྲོ་བ་མི་ལ་སོགས་པའི་སྲོག་ལྡན་སེམས་ཅན་ཐམས་ཅད་ཀྱང་དུས་ཚོད་ཀྱི་འགྲོས་དང་བསྟུན་ཏེ་འགྱུར་ལྡོག་འགྲོ་བཞིན་ཡོད། དཔེར་ན་བུ་ཕྲུག་གི་ལང་ཚོ་རྒྱས་པའི་དུས་སྐབས་སུ་བུ་མོ་རྣམས་ལ་ཟླ་མཚན་འབབ་པ་དང་། ནུ་མ་འབུར་བ་ལ་སོགས་པའི་ལུས་ཀྱི་འགྱུར་ལྡོག་ནི་རང་བཞིན་ཡིན་པ་མ་ཟད། བུ་ཕྲུག་གི་འཚར་ལོངས་ཀྱི་གོ་རིམ་ནང་དུ་ན་ཚོད་སྨིན་བཞིན་པའི་མཚོན་རྟགས་ཤིག་ཡིན། དེ་ནི་ངོ་ཚ་བྱེད་དགོས་པ་དང་གསང་བ་བྱེད་དགོས་པའི་གནས་ཚུལ་ཞིག་མིན། གལ་སྲིད་ང་ཚོས་བུ་མོ་ཚོའི་ལང་ཚོ་རྒྱས་པའི་དུས་སྐབས་ཀྱི་ སློབ་གསོ་ལ་བཀག་སྡོམ་མ་བྱས་པར་། སྤྱི་ཚོགས་ཀྱི་མཐའ་དབུས་ཚང་མ་རུ་གནས་པའི་མི་སྐྱ་རྣམས་ལ་དེའི་སྐོར་ཀྱི་སློབ་གསོ་སྤེལ་དགོས་པ་ཡིན། དེ་ལྟར་ན་བོད་ཀྱི་མ་འོངས་པའི་མ་ཡུམ་ཚོས་མཐོང་ཆུང་དང་དམའ་འབེབས། འཕྱ་དམོད་ལ་སོགས་པའི་སྡུག་བསྔལ་མྱོང་མི་དགོས་པ་དང་། ལུས་བདེ་སེམས་སྐྱིད་ཀྱི་སྤྱི་ཚོགས་སྐྱིད་པོ་ཞིག་བསྐྲུན་ཐུབ་པ་དང་། སྤྱི་ཚོགས་ཁྲོད་ཀྱི་མི་ལྷག་་བསམ་ཅན་རྣམས་ཀྱིས་འགན་ཁུར་ཏེ་བུ་མོའི་ལང་ཚོ་རྒྱས་པའི་སྐབས་ཀྱི་འགྱུར་ལྡོག་དང་འབྲེལ་བའི་སློབ་གསོ་ལ་སོགས་པའི་བདེ་ཐང་སྐོར་ལ་དོ་ཁུར་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པར་སེམས་སོ། །