བུ་ཕྲུག་གི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་བདག་གཅེས་བྱེད་སྟངས་སྐོར་གྱི་བསམ་ཚུ

 བུ་ཕྲུག་གི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་བདག་གཅེས་བྱེད་སྟངས་སྐོར་གྱི་བསམ་ཚུ

བུ་ཕྲུག་གི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་བདག་གཅེས་བྱེད་སྟངས་སྐོར་གྱི་བསམ་ཚུལ།

 

རྒྱ་གར་གྱི་བདག་ཉིད་ཆེན་པོ་གན་རྡི་མཆོག་གིས་མི་ཞིག་ལ་མཚོན་ན་རྒྱུ་ནོར་ངོ་མ་ནི་བདེ་ཐང་དང་འཕྲོད་བསྟེན་ཡིན་པ་ལས་གསེར་དངུལ་གྱི་ཚལ་བུ་དེ་འདྲ་མིན་ཞེས་གསུངས་པ་ལྟར། ཆེས་རིན་ཐང་ཆེ་བའི་རྒྱུ་ནོར་དེ་ནི་བདེ་ཐང་དང་འཕྲོད་བསྟེན་ཡིན། མི་ཞིག་ལ་བདེ་ཐང་དང་འཕྲོད་བསྟེན་ཡག་པོ་དགོས་ཤིང་། དེ་ནི་མི་ཚེའི་མདུན་ལམ་འཚོལ་བའི་ཆ་རྐྱེན་གལ་ཆེན་པོ་ཞིག་ཡིན། གལ་ཏེ་བདེ་ཐང་དང་འཕྲོད་བསྟེན་ཡག་པོ་མེད་པ་ཡིན་ན། དེ་ནི་མི་ཚེའི་མདུན་ལམ་འཚོལ་བའི་འགོག་རྐྱེན་དུ་གྱུར་ཏེ་འཇོན་ནུས་འདོན་མི་ཐུབ། ཁྱིམ་ཚང་ཞིག་ལ་མཚོན་ནའང་། ཁྱིམ་མི་རྣམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལས་ལྷག་པའི་རྒྱུ་ནོར་ཞིག་མེད། བདེ་ཐང་དང་འཕྲོད་བསྟེན་ནི་ཁྱིམ་ཚང་གི་བདེ་སྐྱིད་ཀྱི་རྨང་གཞི་ངོ་མ་དེ་ཡིན། ཁྱིམ་མི་རྣམས་ལ་བདེ་ཐང་དང་འཕྲོད་བསྟེན་ཡག་པོ་ཡོད་ན། གསེར་དངུལ་ལ་སོགས་པའི་རྒྱུ་ནོར་མེད་ཀྱང་། ཁྱིམ་མི་ཚང་མས་སྤྲོ་སེམས་འཁོལ་བའི་ངང་བདེ་སྐྱིད་དོན་གཉེར་བྱེད་ཐུབ་པ་ཡིན། དེས་ན་འཚོ་བ་སྤྲོ་སྐྱིད་ལྡན་པ་ཞིག་ལ་སྨོན་པའི་མི་ཞིག་ཡིན་ན་རང་ཉིད་གཙོས་པའི་བཟའ་ཟླ་དང་བུ་ཕྲུག་སོགས་ཁྱིམ་མི་ཚང་མའི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་བདག་གཅེས་བྱེད་དགོས་པ་ཤིན་ཏུ་གལ་ཆེའོ།།

 

ཕ་མ་ནི་བུ་ཕྲུག་གི་དགེ་རྒན་དང་འདྲ་ཤིང་། ཕ་མའི་ཀུན་སྤྱོད་ནི་བུ་ཕྲུག་གི་ཀུན་སྤྱོད་སློབ་དེབ་དང་འདྲ་བ་ཡིན། དེས་ན་ཕ་མས་བུ་ཕྲུག་གི་ཁོར་ཡུག་ནས་རང་གི་ཀུན་སྤྱོད་ལ་བདག་གཅེས་བྱེད་དགོས་པ་གལ་ཆེ། དེ་བཞིན་དུ་ཕ་མའི་ཁམས་མ་དྭངས་ན་བུ་ཕྲུག་གི་སེམས་མི་སྐྱིད་ཅེས་བཤད་སྲོལ་ཡོད་པ་ལྟར། སེམས་ཁམས་སྐྱིད་པོ་ཅན་གྱི་བུ་ཕྲུག་ཅིག་སྐྱེད་སྲིང་བྱེད་འདོད་ན། ནམ་རྒྱུན་དྲན་ཤེས་བསྟེན་ཏེ་རང་ཉིད་ཀྱི་བསམ་བློའི་འཁྱེར་སོ་བཟའ་ངན་ལ་བརྟག་དགོས་ཤིང་། བསམ་བློའི་ཁྱེར་སོ་ཡག་པོ་ཞིག་ཡོད་ན་ལུས་ངག་གི་སྤྱོད་པ་ཐམས་ཅད་བུ་ཕྲུག་གི་བདེ་ཐང་ལ་སྨན་པའི་རྒྱུར་འགྱུར་བ་ཡིན། གལ་སྲིད་རང་ཉིད་ལ་བསམ་བློའི་ཁྱེར་སོ་ཡག་པོ་མེད་པ་ཡིན་ན། རང་ཉིད་གཙོས་པའི་ཕ་མ་དང་། བཟའ་ཟླ་བུ་ཕྲུག་བཅས་བའི་ཁྱིམ་མི་ཡོངས་ཀྱི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་གནོད་ཚབས་ཆེན་པོ་ཡོད་པ་ཡིན། ལྷག་པར་དུ་ཕ་མ་ལ་བསམ་བློ་བཟང་ཕྱོགས་སུ་གཏོང་བའི་གོམས་གཤིས་ཡོད་མཁན་ཞིག་ཡིན་ན། ཕ་མ་རང་ཉིད་ཀྱི་ཁམས་དྭངས་ཤིང་སེམས་སྐྱིད་པ་དང་བུ་ཕྲུག་ལ་ཤུགས་རྐྱེན་ཡག་པོ་ཐེབས་པ་ཡིན། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་རང་གི་བཟའ་ཟླ་དང་བུ་ཕྲུག་ལ་སོགས་པའི་བཟའ་མི་ཚང་མའི་མི་གཤིས་ཀྱི་ཡོན་ཏན་མཐོང་ཐུབ་པ་དང་ཡིད་ཚིམས་པ་ཡིན། དེ་བཞིན་དུ་བྱིས་པའི་བདེ་ཐང་ཕ་མའི་བདེ་སྐྱིད་ཡིན་ཟེར་སྲོལ་ཡོད་པ་ལྟར། བུ་ཕྲུག་གི་ལུས་སེམས་ལ་བདེ་ཐང་དང་འཕྲོད་བསྟེན་ཡག་པོ་ཡོད་པ་ཡིན་ན། དེ་ནི་ཕ་མའི་ལུས་སེམས་ཀྱི་བདེ་སྐྱིད་ངོ་མ་དེ་ཡིན་པས། ཕ་མས་རང་དང་བུ་ཕྲུག་གི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་བདག་གཅེས་བྱེད་རྒྱུ་དེ་གལ་ཆེའོ།།

 

བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས་ལུས་ཀྱི་བདེ་ཐང་རྒྱུན་སྲིང་བྱེད་པ་ནི་འོས་འགན་ཡིན་ཞིང་། གལ་སྲིད་ལུས་ཀྱི་བདེ་ཐང་རྒྱུན་སྲེང་བྱེད་མ་ཐུབ་ན། སེམས་ཀྱི་ནུས་པ་དང་གསལ་ཆ་རྒྱུན་སྲིང་བྱེད་མི་ཐུབ་ཅེས་གསུངས་པ་ལྟར། འུ་ཅག་བོད་པའི་ཕ་མ་ཚོས་ལག་ལེན་མང་བའི་སློབ་གསོའི་བྱེད་ཐབས་སྤྱད་དེ་བུ་ཕྲུག་གི་ལུས་ཀྱི་བདེ་ཐང་རྒྱུན་བསྐྱངས་ཏེ་སེམས་ཀྱི་ནུས་པ་རྒྱུན་སྲིང་བྱེད་དགོས། དེ་ལྟར་བྱེད་ཐུབ་པ་ཡིན་ན་བུ་ཕྲུག་གི་སེམས་པ་གསར་རིག་གི་དངོས་པོར་གནས་ཐུབ་པ་དང་བླང་དོར་གྱི་དབྱེ་བ་འབྱེད་ཐུབ་པ་ཡིན། ལྷག་པར་དུ་གཙང་སྦྲ་བྱེད་སྟངས་དང་འཕྲོད་བསྟེན་ལ་གཅེས་སྤྲས་བྱེད་སྟངས་ཀྱི་ཐད་ནས་ཕ་མས་བུ་ཕྲུག་ལ་བག་ཆགས་ཡག་པོ་བཞག་སྟེ་སློབ་གསོ་ཡག་པོ་སྤྲོད་དགོས། ཕྱི་གླིང་བ་ཚོར་ཁྱེད་ཀྱིས་ཅི་ཞིག་ཁྲིད་པ་ལས། ཁྱེད་རང་མི་ག་འདྲ་ཞིག་ཡིན་པ་དེ་ལས་བྱིས་པ་ཚོས་མང་བོ་སྦྱོང་ཐུབ་ཅེས་བཤད་སྲོལ་ཡོད་པ་ལྟར། གཙང་སྦྲ་དང་འཕྲོད་བསྟེན་ལ་དགའ་བའི་བུ་ཕྲུག་ཅིག་སྐྱེད་སྲིང་བྱེད་འདོད་ན། དང་པོ་ཕ་མ་རང་ཉིད་ལ་གཙང་སྤྲ་དང་འཕྲོད་བསྟེན་ལ་དགའ་བའི་་གོམས་གཤིས་ཡོད་དགོས། ཕ་མ་རང་ཉིད་ལ་གོམས་གཤིས་དེ་ཡོད་པ་ཡིན་ན། བུ་ཕྲུག་གི་རྒྱུད་ལ་རང་བཞིན་གྱིས་གོམས་གཤིས་ཀྱི་སློབ་གསོ་དེ་ཐེབས་འགྲོ་བ་ཡིན། བུ་ཕྲུག་གི་རྒྱུད་ལ་གཙང་སྦྲ་དང་འཕྲོད་བསྟེན་ལ་དོ་སྣང་བྱེད་པའི་གོམས་གཤིས་ཡག་པོ་ཞིག་འཇོག་པའི་ཆེད་དུ། བུ་ཕྲུག་དང་མཉམ་དུ་ཁྲུས་བྱེད་པ་དང་སོ་བཀྲུ་བ། སྐྲ་ཤད་པ་དང་སེན་མོ་གཏུབ་པ། གད་སྙིགས་འཕེན་པ། རྩེད་བདག་ཉར་བྱེད་པ། གྱོན་ཆས་གཙང་མ་གྱོན་པ་ལ་སོགས་པའི་ལས་ལ་ཞུགས་དགོས། དེ་དང་ལྷན་དུ་བུ་ཕྲུག་འཚར་ལོངས་བྱེད་སའི་སྒོ་ཕྱི་ནང་དང་། ཉལ་ས་དང་རྩེད་མོ་རྩེ་ས་ལ་སོགས་པའི་ཁོར་ཡུག་ཚང་མ་ལ་གཙང་སྦྲ་དང་གད་དར་བྱེད་པ་དང་། ལྷག་པར་དུ་བུ་ཕྲུག་ལ་རྒྱུག་རྩལ་དང་མཆོང་རྩལ། ཆ་རྩལ་ལ་སོགས་པའི་རྩེད་མོའི་རིགས་མང་བོ་ཞུགས་སུ་འཇུག་དགོས་པ་ཡིན། དེ་ལྟར་བྱས་ན་བུ་ཕྲུག་གི་ལུས་ཁམས་བདེ་ཞིང་སེམས་ཁམས་སྤྲོ་སྣང་གིས་ཁེངས་པ་ཡིན། སྐབས་དེར་ཕ་མས་བུ་ཕྲུག་ལ་སློབ་གསོ་ག་རེ་སྤྲད་ཀྱང་ཐེབས་སླ་བོ་ཡོད་པ་སེམས་ལ་ངེས་དགོས་སོ།།

 

སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་སྤྲོ་སེམས་ནི་ཆེས་གོང་ན་མེད་པའི་འཕྲོད་བསྟེན་གྱི་རྣམ་པ་དེ་ཡིན་ཞེས་གསུངས་པ་ལྟར། བུ་ཕྲུག་གསོ་སྐྱོང་གི་གོ་རིམ་ཁྲོད་དུ་ངེས་པར་དུ་དྲན་དགོས་པའི་བསླབ་བྱ་དེ་ནི། སྤྲོ་སྣང་ལྡན་པའི་བུ་ཕྲུག་ཅིག་གསོ་སྐྱོང་བྱེད་རྒྱུ་དེ་རྩ་དོན་དུ་འཛིན་དགོས་པ་ཡིན། དེ་བཞིན་དུ་སེམས་ཁམས་སྐྱིད་ན་ལུས་ཁམས་བདེ། ལུས་ཁམས་བདེ་ན་སེམས་ཁམས་སྐྱིད་ཅེས་བཤད་སྲོལ་ཡོད་པ་ལྟར། བུ་ཕྲུག་གི་སེམས་ཁམས་སྐྱིད་ན་ལུས་ཁམས་ཀྱི་བདེ་ཐང་ལ་ཕན་ཐོགས་ཡོད་པ་ཡིན་པས། ཕ་མས་བུ་ཕྲུག་གི་སེམས་ཁམས་ལ་ཕོག་ཐུག་མི་གཏོང་བར་སྤྲོ་སྣང་རྒྱུན་སྐྱོང་བྱེད་དགོས་ཤིང་། བུ་ཕྲུག་གི་སེམས་ཁམས་སུ་འཚེར་སྣང་དང་དོག་སྣང་། སྐྲག་སྣང་སོགས་ཡོང་དུ་འཇུག་མི་ཉན། བུ་ཕྲུག་གི་སེམས་ཀྱི་འཕྲོད་བསྟེན་ལ་བདག་གཅེས་བྱེད་ཅེས་པ་ནི་རང་ཉིད་ཀྱི་མི་དགེ་བའི་སེམས་དང་འབྲེལ་བའི་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་སྟངས་འཛིན་བྱས་ཏེ་བུ་ཕྲུག་གི་སེམས་ཀྱི་ཞི་བདེ་དཀྲུག་མི་ཉན་པར་བཤད་ཀྱི་ཡོད་པ་དང་། བུ་ཕྲུག་འཚར་ལོངས་བྱེད་སའི་ཁོར་ཡུག་ནས་བཟའ་འཁོན་མང་པོ་བྱེད་མི་ཉན་པ་དེ་ཡིན། གལ་སྲིད་ཕ་མ་གཉིས་ཀྱི་བཟའ་འཁོན་བྱས་ཏེ་ཁྱིམ་གྱི་ཁོར་ཡུག་ལ་འབག་བཙོག་བཟོས་ཏེ་བསྡད་པ་ཡིན་ན། བུ་ཕྲུག་གི་སེམས་ཁམས་སུ་ཤུགས་རྐྱེན་ངན་པ་ཐེབས་ཏེ་མ་འོངས་པར་ཞེ་སྡང་དང་ཁོང་ཁྲོ་སྐྱེ་སླ་བའི་མི་ཞིག་ཏུ་འགྱུར་སྲིད་པ་ཡིན། དེས་ན་ཕ་མས་དོག་སྣང་དང་འཚེར་སྣང་མེད་པའི་སེམས་ཁམས་སྐྱིད་པོ་ཅན་གྱི་བུ་ཕྲུག་ཅིག་སྐྱེད་སྲིང་བྱེད་པའི་འགན་འཁུར་དགོས། བོད་པའི་གཏམ་དཔེ་ལ་ལུས་རྨས་པ་ལས། སེམས་རྨས་ན་སྡུག་ཅེས་བཤད་སྲོལ་ཡོད་པ་ལྟར། བུ་ཕྲུག་ལ་སྐད་ཆ་བཤད་པའི་སྐབས་སུ་དྲན་ཤེས་བསྟེན་ཏེ་ཁོང་ཁྲོ་དང་ཞེ་སྡང་གི་གཞན་དབང་དུ་འགྲོ་རུ་མི་འཇུག་པར། སེམས་ལྷོད་བཞག་སྟེ་གནས་ལུགས་དང་རྒྱུ་མཚན་དྲངས་ཏེ་སློབ་སྤྲོད་དགོས་སོ།།

 

སྐྱེས་ཆེན་ལྷ་མོ་དོན་གྲུབ་ཚང་གིས་ང་ཚོའི་མི་ཚེའི་དོན་སྙིང་གཙོ་བོ་དེ་བདེ་སྐྱིད་འཚོལ་བའི་ཆེད་དུ་ཡིན་པ་ཡིད་ཆེས་གནང་གི་ཡོད་ཅེས་གསུངས་པ་ལྟར། ཕྲུ་གུ་བཟོ་བ་དང་ཕྲུ་གུ་གསོ་སྐྱོང་བྱེད་པ་ལ་སོགས་པའི་བྱ་བཞག་ཐམས་ཅད་ཀྱི་དགོས་དམིགས་གཙོ་བོ་དེ་བདེ་སྐྱིད་ཀྱི་ཆེད་དུ་ཡིན་ཞིང་། བྱིས་པའི་ལུས་སེམས་ལ་བདེ་ཐང་དང་འཕྲོད་བསྟེན་ཡག་པོ་ཡོད་དགོས་པ་དེའང་བདེ་སྐྱིད་ཀྱི་ཆེད་དུ་ཡིན། དེས་ན་རང་དང་བཟའ་ཟླ་ལ་སོགས་པའི་ཁྱིམ་མི་རྣམས་ཀྱི་བདེ་སྐྱིད་ཀྱི་འབྱུང་ཁུངས་དེ་བདེ་ཐང་དང་འཕྲོད་བསྟེན་ཡིན་པ་ཤེས་པའི་སྒོ་ནས་བདག་གཅེས་ཡག་པོ་བྱེད་དགོས། འཕྲོད་བསྟེན་ཡོད་པའི་མི་ལ་རེ་འདུན་ཡོད། རེ་འདུན་ཡོད་པའི་མི་ལ་ཐབས་ཅད་ཡོད་ཅེས་བཤད་སྲོལ་ཡོད་པ་ལྟར། ཕ་མས་བུ་ཕྲུག་གི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་སྣང་ཆུང་མི་བྱེད་པར་བདག་གཅེས་བྱེད་དགོས་པ་གལ་ཆེའོ།།

Topic: བུ་ཕྲུག་གི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་བདག་གཅེས་བྱེད་སྟངས་སྐོར་གྱི་བསམ་ཚུ

No comments found.

New comment