བོད་ཀྱི་རིག་གནས་ཀྱི་འདུ་ཤེས་ཡོད་པའི་བྱིས་པ་སྐྱོང་ཚུལ།

བོད་ཀྱི་རིག་གནས་ཀྱི་འདུ་ཤེས་ཡོད་པའི་བྱིས་པ་སྐྱོང་ཚུལ།

བོད་ཀྱི་རིག་གནས་ཀྱི་འདུ་ཤེས་ཡོད་པའི་བྱིས་པ་སྐྱོང་ཚུལ།  


དེང་སང་བོད་མི་རིགས་ཀྱི་འཚོ་གནས་ལ་དོ་ཁུར་བྱེད་པའི་བོད་མི་སྐྱ་སེར་མང་པོས་བོད་པའི་སྤྱི་ཚོགས་དྲ་ལམ་དུ་བོད་ཀྱི་འདུ་ཤེས་ཟབ་མོ་ཡོད་པའི་བྱིས་པ་གསོ་སྐྱོང་བྱེད་ཚུལ་ཀྱི་ཐབས་ལམ་སྐོར་ནས་བགྲོ་གླེང་བྱེད་ཀྱི་ཡོད་པ་དང་། མི་རེ་ཟུང་ཞིག་གིས་དེང་སང་འཛམ་གླིང་འདི་གཅིག་ལ་གཅིག་བརྟེན་གྱི་གྲོང་ཚོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པའི་གནས་སྟངས་འོག་ཏུ་སྲོལ་རྒྱུན་དང་ཡུལ་སྲོལ་རྒྱུན་འཛིན་བྱེད་མི་ཐུབ་པ་དང་། དེ་འདྲའི་གལ་ཆེན་པོ་ཞིག་ཀྱང་མ་རེད་ཅེས་བརྗོད་ཀྱིན་ཡོད་ལ། འཛམ་གླིང་གི་ཁ་ཕྱོགས་ལྟར་བྱིས་པ་གསོ་སྐྱོང་བྱེད་རྒྱུ་གལ་ཆེ་བ་ལས་སྲོལ་རྒྱུན་དང་ཡུལ་སྲོལ་ལ་སོགས་པའི་རིག་གནས་རྣམས་ཨུ་ཚུགས་ཀྱིས་བྱིས་པའི་སེམས་ཁམས་སུ་འཇོག་ཐབས་བྱེད་པ་དེ་ནི་གླེན་རྟགས་རེད་ཅེས་ལབ་ཀྱིན་ཡོད། ཡང་བོད་མི་སྐོར་ཞིག་གིས་དེང་རབས་ཀྱི་བྱིས་སྐྱོང་སློབ་གསོའི་བྱེད་ཐབས་རྣམས་བོད་པའི་སྤྱི་ཚོགས་ལ་འཚམ་པོ་མེད་པ་དང་། བྱིས་པའི་སེམས་ཁམས་སུ་བོད་པའི་འདུ་ཤེས་ཟབ་མོ་འཇོག་པ་ལ་ངེས་པར་དུ་གནའ་སྲོལ་ལྟར་བྱིས་པ་གསོ་སྐྱོང་བྱེད་དགོས་པའི་དགོངས་ཚུལ་འཛིན་གྱི་ཡོད། དེ་ལྟར་ན་མི་རིགས་ཀྱི་འཚོ་གནས་གལ་ཆེན་དུ་འཛིན་མཁན་གྱི་ཕ་མ་ཞིག་ལ་མཚོན་ན། སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་རྣམས་གཞི་རྩར་བཞག་སྟེ་དེང་རབས་ཀྱི་བྱིས་སྐྱོང་སློབ་གསོའི་བྱེད་ཐབས་རྣམས་ལག་ལེན་དུ་བཀོལ་ཐུབ་པ་ཡིན་ན་བོད་ཀྱི་འདུ་ཤེས་ཟབ་མོ་ཡོད་པའི་བྱིས་པ་གསོ་སྐྱོང་བྱེད་པར་དཀའ་ཁག་མེད་དོ།། 


སྐུ་ཞབས་ཞོགས་དུང་གིས་བསྒྱུར་བའི་སྦྱངས་ཐོབ་སློབ་གསོའི་མན་ངན་ནང་དུ་ཕ་མའི་གང་བྱས་བྱིས་པའི་བག་ཆགས་ཡིན་ཞེས་གསུངས་ཡོད་པ་ལྟར། ཨ་མ་མངལ་དང་ལྡན་པར་གྱུར་བ་དང་ལྷན་དུ་ཕ་མ་གཉིས་ཀྱིས་རང་ཉིད་ཀྱི་ཀུན་སྤྱོད་དང་གོམས་གཤིས་ལ་ཞིབ་འཇུག་བྱས་ཏེ་བཅོས་བསྒྱུར་གཏོང་འགོ་འཛུགས་དགོས་ཤིང་། བྱིས་པ་བོད་པའི་ཡུལ་སྲོལ་གོམས་གཤིས་ལྟར་གསོ་སྐྱོང་བྱེད་པར་གྲ་སྒྲིག་ཨང་གསར་ཡོད་དགོས། བྱིས་པ་མ་ཁོག་ཏུ་ཡོད་པའི་སྐབས་སུ་མངལ་གྱི་ཐད་ནས་ཁ་འདོན་བྱེད་པ་དང་གཟུངས་སྔགས་བགྲངས་ཏེ་མངལ་གནས་བྱིས་པའི་སེམས་ལ་བག་ཆགས་འཇོག་དགོས་ཤིང་། བྱིས་པ་སྐྱེས་པ་དང་ལྷན་དུ་ཕ་མས་ཕྲུ་གུའི་སྤྱང་གྲུང་ལ་གདེང་འཇོག་བྱས་ཏེ་བྱེད་ཐབས་སྣ་ཚོགས་ཀྱི་ལམ་ནས་ཕྲུ་གུའི་སེམས་ཁམས་སུ་བོད་པའི་རིག་གནས་ཀྱི་བག་ཆགས་འཇོག་པར་བརྩོན་དགོས་པ་ཡིན། ཆེད་ལས་པ་ཚོས་ཕ་མ་ནི་བུ་ཕྲུག་གི་དགེ་རྒན་ཐོག་མ་དེ་ཡིན་ཞེས་གསུངས་པ་ལྟར། ཕ་མ་གཉིས་ཀྱིས་རང་ཉིད་ནི་དགེ་རྒན་ཚད་ལྡན་ཞིག་ཏུ་འགྱུར་བར་བརྩོན་པ་བྱེད་དགོས་ཤིང་། བུ་ཕྲུག་ལ་བླང་དོར་ལེགས་ཉེས་ཀྱི་དབྱེ་བ་འབྱེད་སྟངས་རང་དཔེ་བུ་སྟོན་གྱི་ལམ་ནས་སློབ་དགོས་པ་ཡིན། གཙོ་ཆེ་ཤོས་ཕ་མ་གཉིས་ཀྱིས་དུས་རྒྱུན་དུ་རིག་པ་བསྒྲིམས་ཏེ་བུ་ཕྲུག་གི་ཁོར་ཡུག་ནས་དཀོན་མཆོག་གསུམ་གྱི་བྱིན་རླབས་དང་། སྐྱེས་བུ་དམ་པའི་རྣམ་ཐར། ཕ་མེས་ཡང་མེས་ཀྱི་ལོ་རྒྱུས། རྒན་བཀུར་གཞོན་བྱམས། ལས་རྒྱུ་འབྲས། གཞན་ཕན་སྙིང་རྗེའི་སྐོར་ཀྱི་སློབ་གསོ་སྤྲོད་དགོས། ཞོགས་པ་གཉིད་ལས་སད་པ་དང་སྐྱབས་འགྲོ་འདོན་པ་དང་སེམས་སྐྱེད་བྱེད་པ། ཇ་ཐོག་ཚང་མར་ཇ་མཆོད་འདོན་པ། ཉལ་ཁར་ཉལ་ཕྱག་འཚལ་བ་དང་དགེ་བ་ཚོགས་ཞིང་དུ་བསྔོ་བ་ལ་སོགས་པ་བྱེད་དགོས། གཟའ་མཇུག་ཏུ་བུ་ཕྲུག་དགོན་པར་འཁྲིད་དེ་ཕྱག་བསྐོར་བྱེད་དུ་འཇུག་དགོས། རྒན་བཀུར་གཞོན་བྱམས་དང་ཕ་མ་ལ་ཁ་འཇམ་ཚིག་བརྩི་བྱེད་པ། བོད་གོས་གྱོན་པ་དང་བོད་ཟས་བཟོས་པ། དེ་བཞིན་དུ་སྤྱི་ཚོགས་ཀྱི་སྒྲིག་གཞི་སོགས་རང་དཔེ་བུ་སྟོན་གྱི་ལམ་ནས་བྱིས་པའི་ཤ་གསེང་དང་རུས་གསེང་ལ་འཇགས་སུ་འཇུག་དགོས་པ་ཡིན། དེ་ལྟར་བྱེད་ཐུབ་པ་ཡིན་ན། བྱིས་པའི་སེམས་སུ་ནམ་ཡང་རང་ཉིད་བོད་པ་ཡིན་པའི་གདེང་སྤོབས་དེ་མི་འགྱུར་བར་བརྟན་པོ་གནས་ཐུབ་པ་ཡིན། དེ་ལྟར་ན་ཕ་མ་ཚོས་ལྷོད་གཡེང་མི་བྱེད་པར་ཡུལ་སྲོལ་གོམས་གཤིས་ལ་སོགས་པའི་སྲོལ་རྒྱུན་རིག་གནས་ཀྱི་ལེགས་ཆ་རྣམས་མི་ཉམས་རྒྱུད་འཛིན་བྱས་ཏེས་བུ་ཕྲུག་གི་སེམས་ཁམས་སུ་འཇགས་སུ་འཇུག་དགོས། 


སྤྱི་ཚོགས་ཚན་རིག་པ་ཚོས་མི་ནི་ཁོར་ཡུག་གིས་ཐོན་སྐྱེད་བྱས་པའི་སེམས་ཅན་ཞིག་རེད་ཅེས་གསུང་གིན་ཡོད་པ་ལྟར། ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་རིག་གནས་སྣ་ཚོགས་ཀྱིས་མིའི་སེམས་ཁམས་སུ་བག་ཆགས་འདྲ་མིན་བཞག་སྟེ་འདུ་ཤེས་གསར་སྐྲུན་བྱེད་ཀྱི་ཡོད། དེ་བརྟེན་བོད་མིའི་སེམས་ཁམས་གཙང་མ་ཡོད་པའི་བྱིས་པ་སྐྱེད་སྲིང་བྱེད་འདོད་པའི་ཕ་མ་ཚོས་བུ་ཕྲུག་མ་སྐྱེས་པའི་སྔ་རོལ་ནས་བུ་ཕྲུག་ཉལ་སའི་ཁྱིམ་གྱི་ཁོར་ཡུག་ཚང་མ་ལ་བོད་ལུགས་ལྟར་མཛེས་བཟོ་བྱེད་དགོས་ཤིང་། ཕྲུ་གུ་སྐྱེས་པ་དང་བུ་ཕྲུ་ཉལ་སའི་ཁོར་ཡུག་ལ་སྐུ་གསུང་ཐུགས་རྟེན་གྱི་མདུན་དུ་མཆོད་པ་བཤམས་པ་དང་མཆོད་མེ་འབུལ་བ། མཆོད་རྫས་སྣ་ཚོགས་སྒྲིག་ཤོམ་བྱས་ཏེ་ཕྲུ་གུའི་སེམས་ཁམས་སུ་བག་ཆགས་ཐེབས་སུ་འཇུག་དགོས་པ་ཡིན། དེ་དང་ལྷན་དུ་ཕྲུ་གུ་ཉལ་སའི་མཐར་སྐོར་ནས་དཔེ་སྒྲོམ་ནང་དུ་བོད་ཡིག་གི་དཔེ་ཆ་སྣ་ཚོགས་བསྒྲིགས་ཏེ་དཔེ་ཆའི་ཁྲོད་དུ་འཚར་ལོངས་བྱེད་དུ་འཇུག་དགོས། ཕ་མ་གཉིས་ཀྱི་གཙོས་པའི་ནང་མི་རྣམས་ཀྱིས་ནམ་རྒྱུན་བུ་ཕྲུག་གི་ཁོར་ཡུག་ནས་ལག་ཏུ་ཕྲེང་བ་འཛིན་པ་དང་ཁ་ནས་མ་ནི་འདོན་དགོས། ལོ་གསར་ལ་སོགས་པའི་དུས་ཆེན་རྣམས་ཀྱི་སྐབས་སུ་ཤ་མར་ཐུད་གསུམ་དང་། གྲོ་མ་འབྲས་ཟས་ལ་སོགས་པའི་བོད་མཐོ་སྒང་གི་ཟས་རིགས་ཀྱི་བྲོ་བར་ལོངས་སུ་སྤྱོད་དུ་འཇུག་དགོས་པ་ཡིན། དེ་བཞིན་དུ་འབྲོག་པ་ཚོས་བུ་ཕྲུག་གི་ཆེད་དུ་སྦྲ་གུར་ནང་དུ་གནའ་སྲོལ་ལྟར་དོ་རྩིག་པ་དང་། དར་ཚོན་སྣ་ལྔའི་ཕུགས་དར་དང་སྒོ་དར་སོགས་འཐེན་ཏེ་ཕྲུ་གུའི་སེམས་ཁམས་སུ་འབྲོག་པའི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་བག་ཆགས་འཇོག་དགོས་ཤིང་། ཕ་མ་གཉིས་ཀྱིས་བུ་ཕྲུག་རྣམས་རི་འགོར་རྟ་ནོར་ལུག་གསུམ་འཚོ་རོགས་སུ་ཁྲིད་དེ། རྟེའུ་དང་བེའུ། ལུ་གུ་སོགས་དང་མཉམ་དུ་མེད་ཏོག་དང་ཁ་བའི་ཁྲོད་དུ་རྩེད་མོ་ལ་ཞུགས་སུ་བཅུག་སྟེ་བག་ཆགས་འཇོག་དགོས་པ་ཡིན། དེ་ལྟར་བྱས་པ་ཡིན་ན་བུ་ཕྲུག་གི་སེམས་ཁམས་སུ་ཡུལ་སྲོལ་གོམས་གཤིས་ཀྱིས་བཞག་པའི་བོད་པའི་འདུ་ཤེས་བཀྲུས་ན་མི་དག་པ་ཞིག་འཇགས་པར་ཐེ་ཚོམ་མི་དགོས་སོ།།


ཉི་གཞོན་ལགས་ཀྱིས་བསྒྱུར་བའི་ཡ་ཧུ་དཱ་པའི་སློབ་གསོའི་མན་ངག་ཅེས་པའི་དཔེ་ཆ་དེའི་ནང་དུ་མི་རིགས་ཀྱི་ཚེ་སྲོག་ནི་མི་རིགས་ཀྱི་རིག་གནས་ཀྱི་རྒྱུན་རེད་ཅེས་གསུངས་ཡོད་པ་ལྟར། གལ་སྲིད་ཀྱི་རིག་གནས་ཀྱི་རྒྱུན་ཆད་པ་ཡིན་ན་མི་རིགས་དེ་འཛུབ་མོ་འཛུགས་ས་མེད་པ་ཞིག་ཏུ་འགྱུར་འགྲོ་བར་བཤད། དེ་ལྟར་ན་ང་ཚོ་བོད་པའི་ཕ་མ་ཚོས་ཀྱང་མི་རིགས་འདི་ས་སྒང་རིལ་བོ་འདིའི་སྟེང་དུ་འཚོ་གནས་ཐུབ་པའི་ཆེད་དུ་ཆོས་དང་རིག་གནས་ལ་སོགས་པའི་མི་རིགས་ཀྱི་ཁྱད་ཆོས་རྣམས་མི་ཉམས་རྒྱུན་འཛིན་བྱེད་ཐབས་ལ་འབད་དགོས་པ་ཡིན། དེ་ལྟར་ན་ཆོས་དང་རིག་གནས་ཀྱི་རྟེན་གཞི་རུ་གྱུར་བའི་མི་རིགས་ཀྱི་སྐད་ཡིག་གི་སྐུ་ཚེ་བརྟན་དགོས་ཤིང་། སྐད་ཡིག་གཉིས་ཀྱི་སྐུ་ཚེ་བརྟན་ པའི་ཐབས་ལམ་ཉག་གཅིག་ནི་ངོ་ཚོའི་འཚོ་བའི་ཁྲོད་དུ་སྐད་ཡིག་བཀོལ་སྤྱོད་བྱེད་ཐུབ་མིན་ལ་རག་ལས་པ་ཞིག་ཡིན། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་ཟེར་བ་ལྟར། ཕ་མ་ཚོས་འཚོ་བའི་ཁྲོད་དུ་ངེས་པར་དུ་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་ཤིང་། བུ་ཕྲུག་ལ་དུས་རྒྱུུན་དུ་བོད་སྐད་ཁོ་ན་བཤད་དེ་ཁ་བརྡ་བྱེད་པའི་གོམས་གཤིས་ཡོད་དགོས་པ་ཡིན། དེ་ལྟར་ལག་ལེན་དུ་འདེབས་ཐུབ་པ་ཡིན་ན། བོད་པའི་ཆོས་དང་རིག་གནས་ཀྱི་རྒྱུན་དེ་མི་རབས་ནས་མི་རབས་ལ་གནས་ཐུབ་པ་ཡིན། བུ་ཕྲུག་ནི་ཁྱིམ་ཚང་ནང་གི་མེ་ལོང་ཡིན་ཟེར་བ་ལྟར། ཕ་མ་གཉིས་ཀྱི་ཀུན་སྤྱོད་དང་གོམས་གཤིས། ཚང་མ་བུ་ཕྲུག་གི་སེམས་ཁམས་སུ་གྲུབ་འགྲོ་བ་དང་། བུ་ཕྲུག་གི་ལུས་ངག་ཡིད་གསུམ་ནས་ཕྱིར་མངོན་གྱི་ཡོད། བུ་ཕྲུག་གིས་བོད་སྐད་བཤད་མི་ཤེས་པ་དང་། བོད་ཡིག་འབྲི་ཀློག་མི་ཐུབ་པ་ནི་ཕ་མའི་སྒྱིད་ལུག་དང་ལེ་ལོ་བྱས་པའི་མཇུག་འབྲས་ཡིན་པ་ལས། བུ་ཕྲུག་ལ་ལན་པ་ཅི་ཡང་མེད། བུ་ཕྲུག་ལ་བོད་སྐད་མི་སློབ་པའི་ཕ་མ་དེ་ནི་བུ་ཕྲུག་གི་བོད་ལྕེ་གཅོད་མཁན་དང་། མི་རིགས་ཀྱི་ཚེ་སྲོག་ཏུ་གྱུར་བའི་བོད་པའི་ཆོས་དང་རིག་གནས་ཀྱི་རྒྱུན་གཅོད་མཁན་དེ་ཡིན། དེ་ལྟར་ན་རང་ཉིད་བུ་ཕྲུག་གི་ཕ་མ་རུ་གྱུར་བ་ནས་བཟུང་སྟེ་རང་ཁྱིམ་ནས་བོད་སྐད་གཙང་བ་བཤད་དེ་བུ་ཕྲུག་གི་སེམས་ཁམས་སུ་བོད་པའི་འདུ་ཤེས་བརྟན་པོ་ཞིག་འཇོག་པར་བརྩོན་དགོས་སོ།། 

མདོར་བསྡུས་ན་བོད་ཀྱི་འདུ་ཤེས་ཟབ་མོ་ཡོད་པའི་བྱིས་པ་གསོ་སྐྱོང་བྱེད་པའི་འོས་འགན་དེ་ཕ་མ་གཉིས་ལ་ཡོད་ཅིང་། དེ་ནི་ཕ་མ་གཉིས་ཀྱི་གོམས་གཤིས་དང་ཀུན་སྤྱོད་ཀྱི་བར་ནས་སྒྲུབ་ཐུབ་པ་ཞིག་ཡིན། སྲོལ་རྒྱུན་དང་ཡུལ་སྲོག སྐད་ཡིག་རིག་གནས་སོགས་གལ་མི་ཆེ་བའི་བསམ་ཚུལ་འཛིན་མཁན་དང་སྐད་ཆ་བཤད་མཁན་རྣམས་ནི་མི་རིགས་ཀྱི་འཚོ་གནས་ལ་བསམ་གཞིག་གཏོང་མི་ཤེས་མཁན་ཡིན་ཞིང་། ཁོ་ཚོ་ནི་རང་ཉིད་ཀྱི་བུ་ཕྲུག་གི་ངོ་བོ་མི་རིགས་གཞན་དུ་བསྒྱུར་གྱིན་པའི་བོད་མི་རང་ཚུགས་མེད་པ་རྣམས་ཡིན། དེ་ལྟར་ན་ང་ཚོ་ཕ་མ་ཚོས་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ནས་དེང་དུས་ཀྱི་བྱིས་སྐྱོང་སློབ་གསོའི་བྱེད་ཐབས་ཡང་དག་པ་དང་ཕན་ནུས་ལྡན་པ་དག་བཀོལ་ཏེ་རང་ཉིད་ཀྱི་བུ་ཕྲུག་གི་ལུས་ངག་ཡིད་གསུམ་དང་ཤ་ཁྲག་རུས་གསུམ་དུ་བོད་པའི་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སྐད་དང་ཡི་གེ་ལ་སོགས་པའི་རིག་གནས་ཀྱི་བག་ཆགས་འཇོག་ཐབས་ལ་བརྩོན་ཏེ་བོད་པའི་འདུ་ཤེས་བརྟན་པོ་ཡོད་པའི་བྱིས་པ་གསོ་སྐྱོང་གི་ལས་དོན་ལ་འབད་པར་རིགས་སོ།།