བྱིས་གླུ


    རི་བོང་ཁ་ཤོ།   

                  ཚིག འབྲོག་ནག

ཨ་ཁུ་སྤྱང་ཀི་གདུག་རྩུབ་ཅན།།

ལྷམ་ཆུང་གོན་ནས་རི་ཁར་ཕྱིན།།

ལུག་རྫི་རྒན་པོས་གསོད་ལ་ཁད།།

  རི་བོང་ཡ།  རི་བོང་། 

རི་བོང་ཁྱོད་ནི་གང་ན་ཡོད།


 ཨ་བུ་དེ་བྱ་མཇུག་རིང་མ།།

ཞྭ་མོས་བཀབ་ནས་རྒུམ་འབུ་བོར།།

ཞིང་བ་རྒན་པོས་འཛིན་ལ་ཁད།།

   རི་བོང་ཡ།     རི་བོང་། 

 རི་བོང་ཁྱོད་ནི་གང་ན་ཡོད།


ཨ་ཅེ་ཝ་མོ་གྲ་ཡག་མས།།

སྦུབ་ཆ་བརྡུངས་ནས་ཚང་ལ་ལོག།།

ཕྲུ་གུའི་སྙིང་ཆུང་བཀད་ལ་ཁད།།

  རི་བོང་ཡ།    རི་བོང་།

རི་བོང་ཁྱོད་ནི་གང་ན་ཡོད།།


ཨ་མཆོད་གྲྭ་བའི་རྩམ་ཁུག་དེ།།

སུ་ལ་མ་དབང་ཁྱོད་ལ་དབང་།།

ཁྱོད་ལ་དབང་བའི་འཇིགས་སྐྲག་གིས།།

རྡོ་བས་བརྒྱབ་ནས་ཁ་ཤ་ཤོ།།

 རི་བོང་ཡ།      རི་བོང་།

རི་བོང་ཁྱོད་ནི་བློ་ལྡན་རེད།།  

འདི་ནི་རི་བོང་ཁ་ཤོར་གྱུར་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་དེ་ལ་གཞི་བཅོལ་ཏེ་བྱིས་གླུ་ལམ་དུ་འབྲི་ཁུལ་བྱས་པ་ཡིན།



ཕ་ལོ་མ་ལོ།

          གཞས་ཚིག འབྲོག་ནག  

རི་ལ་རི་བོ་ཡག་པ།

རི་རབ་གསེར་གྱི་བུམ་པ། །

ཕྱི་སློག་ནང་སློག་བྱས་ན། །

རི་སྐེད་སུ་རུའི་མེ་ཏོག །

སྐྱོ་བས་ངུ་ཤུམ་འཐེན་འགྲོ།།

 ཨ་ཕ་ལོ། ཕ་ལོ་ལགས། 

ང་རང་འཚར་ལོངས་བྱུང་ན། །

 ལུག་ཁྱུ་འཚོ་ས་མི་འདུག ། 


ཆུ་ལ་ཆུ་མགོ་དྭངས་མོ། །

ཆུ་མགོ་དངུལ་གྱི་མེ་ལོང་།།

མི་འདོད་སྦག་བཙོག་བཟོས་ན།།

ཆུ་འགྲམ་བྱ་བྱེའུ་འབའ་འབུའི། །

བག་ཡངས་སེམས་ཁ་དཀྲུགས་འགྲོ།།

  ཨ་མ་ལོ།   མ་ལོ་ལགས། 

 ང་རང་འཚར་ལོང་འབྱུང་ན། །

 འཐུང་ཆུ་བཅུ་ས་མི་འདུག །


གཞས་ལ་གཞས་གླུ་སྙན་མོ། །

གཞས་གླུ་སྲིད་པའི་གཞས་གླུ། །

རྟ་དབྱངས་བསྒྱུར་ནས་བླངས་ན། །

ཁྲོམ་པའི་ཕ་དང་ཨ་ཁུས། །

གླུ་ལ་སྐྱོན་མཚང་བྲུས་ཡོང་། །

ཕུ་བོ་ཡ། ཕུ་བོ་ལགས།

ང་རང་འཚར་ལོངས་འབྱུང་ན། །

གླུ་རྟ་སློབ་ས་མི་འདུག ། །

2016/5/18/མལ་ཤག་ཏུ།


ཕ་མར་ཁོམ་ལོང་མི་འདུག

བྱིས་གླུ།

ཚིག བསང་ཚེ་བཀྲ། 

ད་ནངས་ཉི་ཤར་རྩེ་ནས། །

ཐི་གུ་གཡས་བརྒྱུ་གཡོན་བརྒྱུ། །

སྒ་སྲབ་གཅིག་བཟོ་གཉིས་བཟོ། །

ཕྱིང་དཀར་ཆུ་ལ་བརྟེན་ནས། །

ཨ་ཕས་དཀའ་ལས་རེག་སོང་། །

 ཨ་ཕ་ཡ།  ཨ་ཕ་ལགས། 

ཇ་ཁར་ཇ་ལོ་བཏབ་ཡོད། །

རྩམ་པ་ཕྱེ་མར་གཏོས་ཡོད། །

ཅུང་ཙམ་ངལ་ཞིག་གསོ་རོགས། །

ཨ་ཕ་ཡ།   ཨ་ཕ་ལགས། 

དྲིན་ཆེན་གྱི་ཕ་ལོ་ལགས། །


འབྲི་མོ་རི་ལ་དེད་རྗེས། །

རྩིད་པ་གཅིག་གསེད་གཉིས་གསེད། །

གྲུ་གུ་གཅིག་འགྲིལ་གཉིས་འགྲིལ། །

རྒྱུ་སྤུན་ཐགས་ལ་དྲངས་ནས། །

ཨ་མས་དཀའ་ལས་རེག་སོང་། །

ཨ་མ་ཡ།   ཨ་མ་ལགས། 

བོང་ཁར་རིལ་མ་བླུག་ཡོད། །

ཐབ་ལ་འོ་ཇ་བསྐོལ་ཡོད ། །

ཅུང་ཙམ་ངལ་ཞིག་གསོ་རོགས། །

ཨ་མ་ཡ།   ཨ་མ་ལགས། 

དྲིན་ཆེན་གྱི་ཨ་མ་ལགས། །


ས་ནག་གད་པའི་ཁ་ནས། །

རྟ་ཕོ་ལྕང་མ་ཞོན་ཞོར། །

ཐེ་གེའི་མང་ཉུང་བརྩད་ནས། །

རྩེད་རྡོའི་ཡག་བཙོག་འགྲན་ཏེ། །

ཡུལ་ལ་ལོག་པར་འཕྱི་སོང་། །

ཕ་མ་ཡ།  ཕ་མ་ལགས།

འགྲོ་ཁའི་འདུན་པ་བོར་སོང་། །

ཁྱིམ་གྱི་ལས་བྱ་བརྗེད་སོང་། །

ཕ་མ་ཡ། ཕ་མ་ལགས། 

དྲིན་ཆེན་གྱི་ཕ་མ་ལགས།




    རི་བོང་ཁ་ཤོ།   

                  ཚིག འབྲོག་ནག

ཨ་ཁུ་སྤྱང་ཀི་གདུག་རྩུབ་ཅན།།

ལྷམ་ཆུང་གོན་ནས་རི་ཁར་ཕྱིན།།

ལུག་རྫི་རྒན་པོས་གསོད་ལ་ཁད།།

  རི་བོང་ཡ།  རི་བོང་། 

རི་བོང་ཁྱོད་ནི་གང་ན་ཡོད།


 ཨ་བུ་དེ་བྱ་མཇུག་རིང་མ།།

ཞྭ་མོས་བཀབ་ནས་རྒུམ་འབུ་བོར།།

ཞིང་བ་རྒན་པོས་འཛིན་ལ་ཁད།།

   རི་བོང་ཡ།     རི་བོང་། 

 རི་བོང་ཁྱོད་ནི་གང་ན་ཡོད།


ཨ་ཅེ་ཝ་མོ་གྲ་ཡག་མས།།

སྦུབ་ཆ་བརྡུངས་ནས་ཚང་ལ་ལོག།།

ཕྲུ་གུའི་སྙིང་ཆུང་བཀད་ལ་ཁད།།

  རི་བོང་ཡ།    རི་བོང་།

རི་བོང་ཁྱོད་ནི་གང་ན་ཡོད།།


ཨ་མཆོད་གྲྭ་བའི་རྩམ་ཁུག་དེ།།

སུ་ལ་མ་དབང་ཁྱོད་ལ་དབང་།།

ཁྱོད་ལ་དབང་བའི་འཇིགས་སྐྲག་གིས།།

རྡོ་བས་བརྒྱབ་ནས་ཁ་ཤ་ཤོ།།

 རི་བོང་ཡ།      རི་བོང་།

རི་བོང་ཁྱོད་ནི་བློ་ལྡན་རེད།།  

འདི་ནི་རི་བོང་ཁ་ཤོར་གྱུར་བའི་དམངས་ཁྲོད་ཀྱི་གཏམ་རྒྱུད་དེ་ལ་གཞི་བཅོལ་ཏེ་བྱིས་གླུ་ལམ་དུ་འབྲི་ཁུལ་བྱས་པ་ཡིན།




ཐུགས་རྗེ་གཟིགས། 


 ཨ་ཕ་ལགས། ཐུགས་རྗེ་གཟིགས། 

ང་ལ་བོད་སྐད་གསུང་རོགས།།  

བོད་སྐད་གཙང་མ་གསུང་རོགས།།   

བོད་སྐད་ནི་ང་ཡི་ཕ་སྐད་ཡིན།། 


ཨ་མ་ལགས།  ཐུགས་རྗེ་གཟིགས།།

ང་ལ་བོད་ཡིག་ཀློག་རོགས།། 

བོད་ཡིག་དག་མོ་ཀློག་རོགས།། 

བོད་ཡིག་ནི་ང་ཡི་མ་ཡིག་ཡིན།། 


ཨ་ཕ་ལགས། ཐུགས་རྗེ་གཟིགས། 

ང་ལ་གཞན་སྐད་མ་གསུང་། 

གཞན་སྐད་རྒྱུན་དུ་གསུང་ན། 

གཞན་སྐད་ནི་ང་ཡི་ཕ་སྐད་མིན། 


ཨ་མ་ལགས། ཐུགས་རྗེ་གཟིགས། 

ང་ལ་གཞན་ཡིག་མ་ཀློག། 

གཞན་ཡིག་རྒྱུན་དུ་བཀླགས་ན།།  

གཞན་ཡིག་ནི་ང་ཡི་མ་ཡིག་མིན། 


ཕ་མ་ལགས། ཐུགས་རྗེ་གཟིགས།།  

ང་ལ་བོད་སྐད་གསུང་རོགས།། 

ང་ལ་བོད་ཡིག་ཀློག་རོགས། 

སྐད་ཡིག་ནི་བོད་མིའི་བླ་སྲོག་ཡིན། 


ང་ནི་གངས་རིའི་བདག་པོ་ཡིན།  


ང་ཚོ་བོད་ཀྱི་བྱིས་པ་རྣམས།། 

མ་འོངས་བོད་ཀྱི་བདག་པོ་ཡིན།། 

བོད་སྐད་བོད་ཡིག་མ་ཤེས་ན། 

བོད་ལ་བདག་པོ་ཇི་ལྟར་བྱེད། 


ཨ་ཕ་ལགས།་ཐུགས་རྗེ་གཟིགས།། 

ང་ལ་བོད་སྐད་བཤད་རོགས།། 

བོད་སྐད་རྒྱུན་དུ་བཤད་རོགས།།  

ང་ནི་བོད་ཀྱི་བདག་པོ་ཡིན།། 


ང་ཚོ་བོད་ཀྱི་བྱིས་པ་རྣམས། 

ཁ་བ་གངས་རིའི་བདག་པོ་ཡིན། 

བོད་སྐད་བོད་ཡིག་མ་ཤེས་ན། 

གངས་རིའི་བདག་པོ་ཇི་ལྟར་བྱེད། 


ཨ་མ་ལགས།་ཐུགས་རྗེ་གཟིགས།། 

ང་ལ་བོད་ཡིག་ཀློག་རོགས།། 

བོད་ཡིག་རྒྱུན་དུ་ཀློག་རོགས།། 

ང་ནི་གངས་རིའི་བདག་པོ་ཡིན།། 


ང་ཚོ་བོད་ཀྱི་བྱིས་པ་རྣམས།། 

དྲིན་ཆེན་ཕ་མའི་རེ་བ་ཡིན།། 

བོད་སྐད་བོད་ཡིག་མ་ཤེས་ན།། 

ཕ་མའི་རེ་བ་ཇི་ལྟར་བསྒྲུབ།། 


ཕ་མ་ལགས།་ཐུགས་རྗེ་གཟིགས།། 

ང་ལ་བོད་སྐད་བཤད་རོགས།། 

ང་ལ་བོད་ཡིག་ཀློག་རོགས།། 

ང་ནི་ཁྱོད་ཀྱི་རེ་བ་ཡིན།། 


བྱིས་པའི་གཞས་ཚིག

ཀླུ་སྨྱོན་གྱིས་བརྩམས། 

- - - 

སྐར་མ་ཆུང་ཆུང་གང་ན་ཡོད། །

སྐར་མ་ཆུང་ཆུང་གནམ་ན་ཡོད། །

སྐར་མ་ཆུང་ཆུང་འོད་འཚེར་འཚེར། །

ང་ཡི་རྨི་ལམ་ནང་ན་ཡོད། །


མེ་ཏོག་ཆུང་ཆུང་གང་ན་ཡོད། །

མེ་ཏོག་ཆུང་ཆུང་ས་ན་ཡོད། །

མེ་ཏོག་ཆུང་ཆུང་དྲི་ཞིམ་པོ། །། །

ང་ཡི་ལག་པའི་ནང་ན་ཡོད། །


ལྷ་མོ་ཆུང་ཆུང་གང་ན་ཡོད། །

ལྷ་མོ་ཆུང་ཆུང་འདི་ན་ཡོད། །

ལྷ་མོ་ཆུང་ཆུང་སྙིང་རྗེ་མོ། །

ང་ཡི་ཁང་པའི་ནང་ན་ཡོད། །

---གཞས་པ་གཞས་མ་སུས་བླངས་ཀྱང་ཁེ་དབང་འབུལ།


བྱིས་པ་ཆུང་ཆུང་གང་ན་ཡོད།། 

དྲིན་ཆེན་མ་ལོས་བང་ན་ཡོད།། 

བྱིས་པ་ཆུང་ཆུང་སྙིང་རྗེ་མོ།། 

དྲིན་ཆེན་མ་ལོའི་གཅེས་ཕྲུག་ཡིན།། 



གངས་ལྷ་མེ་ཏོག      



གཞས་མ།   ལས་དབང་ལྷ་མོ།



གངས་ལྷ་མེ་ཏོག   མེ་ཏོག་གངས་ལྷ།       

ཨ་ཕའི་གཏམ་རྒྱུད་ནང་དུ་ཚེ་སྲོག་རྒྱས་ཤིང་།    

ང་དང་རྩེ་ར་གཅིག་པའི་མེ་ཏོག་ཆུང་ཆུང་།    

མེ་ཏོག་རེད།    གངས་ལྷ་རེད།   

སེམས་ཀྱི་མེ་ཏོག་གངས་ལྷ།                

མེ་ཏོག་རེད།   གངས་ལྷ་རེད།  

སེམས་ཀྱི་མེ་ཏོག་གངས་ལྷ།



གངས་ལྷ་མེ་ཏོག       མེ་ཏོག་གངས་ལྷ།   

ཨ་མའི་སྙིང་གཏམ་ནང་དུ་ལང་ཚོ་དར་ཞིང་།    

ང་དང་ལས་དབང་གཅིག་པའི་མེ་ཏོག་ཆུང་ཆུང་།    མེ་ཏོག་རེད།   གངས་ལྷ་རེད།     

སེམས་ཀྱི་མེ་ཏོག་གངས་ལྷ།                  

མེ་ཏོག་རེད།  གངས་ལྷ་རེད།  

སེམས་ཀྱི་མེ་ཏོག་གངས་ལྷ། 



གངས་ལྷ་མེ་ཏོག      མེ་ཏོག་གངས་ལྷ།     

སྤུན་ཟླའི་མཛའ་བརྩེའི་ཁྲོད་དུ་དྭངས་ཤིང་རྒྱས་པའི།

ང་དང་དམ་བཅའ་གཅིག་པའི་མེ་ཏོག་ཆུང་ཆུང་།    མེ་ཏོག་རེད།    གངས་ལྷ་རེད།   

སེམས་ཀྱི་མེ་ཏོག་གངས་ལྷ།  

མེ་ཏོག་རེད།    གངས་ལྷ་རེད།    

སེམས་ཀྱི་མེ་ཏོག་གངས་ལྷ།


                       ཆུང་ཆུང་ང་ཡི་རྩེད་གྲོགས།

    གཞས་ཚིག རྟ་ནག་གཅོད་པ།                                 

    དབྱངས།  དམངས་ཁྲོད།                   

  ལེན་མཁན།  ལྷ་མཚོ་སྐྱིད། 

ཨ་ཕ་དགའ་བའི་དགོད་དགོད།།

ཨ་མ་སྐྱིད་པའི་འཛུམ་འཛུམ།།

ང་ནི་ཕ་མའི་རེ་བ།།

དྲིན་ཆེན་ཕ་མའི་གཅེས་ཕྲུག།


དཔེ་ཁུག་རྒྱབ་ལ་མཛེས་མཛེས།།

ཀ་ཁ་ངག་ལ་བདེ་བདེ།།

ང་ནི་སློབ་མ་ཆུང་ཆུང་།།

ཀ་ཁའི་བདག་པོ་ཡིན་སོང་།།


ལུག་ཆུང་དགའ་བའི་འབའ་འབའ།།

བེའུ་ཆུང་སྐྱིད་པའི་ལྡིང་ལྡིང་།།

ང་ནི་འབྲོག་མོ་ཆུང་ཆུང་།།

ཆུང་ཆུང་ང་ཡི་རྩེད་གྲོགས།།


དབྱངས། པ་སངས།

ལེན་མཁན། ཚེ་རིང་དཔལ་འབར།

བསྟན་འཛིན་དབང་མོ།


རི་མཐོན་པོའི་མགོ་ནས་ཀི་ཞིག་བཏང་།

སྐད་སྙན་མོ་རི་ལུང་ཡོངས་ལ་ཁྱབ།

ལུག་གཡང་དཀར་འབའ་སྒྲ་ཉིལ་ལི་ལི།

རི་མཐོན་པོའི་མགོ་ཡི་རྫི་བོ་སྐྱིད།

ལུག་གཡང་དཀར་འབའ་སྒྲ་ཉིལ་ལི་ལི།

རི་མཐོན་པོའི་མགོ་ཡི་རྫི་བོ་སྐྱིད།


ཐང་ཆེན་པོའི་དཀྱིལ་ནས་གླུ་ཞིག་བླངས་།

སྐད་སྙན་མོ་ཡུལ་ཕྱོགས་ཀུན་ལ་ཁྱབ།

ནོར་ནག་ཆུང་ངུར་སྒྲ་ལྡི་རི་རི།

ཐང་ཆེན་པོའི་དཀྱིལ་གྱི་མ་སྲུ་སྐྱིད།

ནོར་ནག་ཆུང་ངུར་སྒྲ་ལྡི་རི་རི།

ཐང་ཆེན་པོའི་དཀྱིལ་གྱི་མ་སྲུ་སྐྱིད།

 

ཆུ་ཆེན་པོ་རྨ་ཀླུང་མགོ་ཁུངས་ཡུལ།

གླིང་དཀར་པོའི་རྟ་རྒྱུག་བྱེད་པའི་ས།

རྟ་འདོ་བའི་འཚེར་སྐད་སི་ལི་ལི།

རྟ་རྐྱང་རྒོད་གོང་གི་སྟག་ཤར་སྐྱིད།

རྟ་འདོ་བའི་འཚེར་སྐད་སི་ལི་ལི།

རྟ་རྐྱང་རྒོད་གོང་གི་སྟག་ཤར་སྐྱིད།


གྲོགས་པོའི་ནང་གི་གྲོགས་པོ།

  ཚིག  བེ་དུང་།

དབྱངས། རྨ་གླིང་ལྷུན་གྲུབ།

   གཞས་པ། རྨ་གླིང་ལྷུན་འགྲུབ།

 གྲོགས་པོ་ཟེར་ན་མི་སེམས་ཡོད་ནི་ཞིག།

དཀའ་སྡུག་དུས་སུ་མིག་གིས་རིག་ནི་ཞིག།

ཅི་ཞིག་མཛད་ཅིང་གཡོ་སྒྱུ་མེད་ནི་ཞིག།

ཁ་ཞེ་གཉིས་ཀ་རྒྱུན་དུ་མཚུངས་ནི་ཞིག།

ང་ཡི་གྲོགས་པོའི་ནང་གི་གྲོགས་པོ་ཡིན།།

གྲོགས་པོ་གྲོགས་པོ་ཡིན།


གྲོགས་པོ་ཟེར་ན་བརྩེ་བ་ཟབ་ནི་ཞིག།

སྐྱོ་བའི་དུས་སུ་སེམས་གསོ་བྱེད་ནི་ཞིག།

གོ་གནས་མེད་རུང་དཔུང་ཡ་ཉན་ནི་ཞིག།

རྒྱུ་ནོར་རིག་ན་ཧམ་སེམས་མེད་ནི་ཞིག།

ང་ཡི་གྲོགས་པོའི་ནང་གི་གྲོགས་པོ་ཡིན།།

གྲོགས་པོ་གྲོགས་པོ་ཡིན།


གྲོགས་པོ་ཟེར་ན་མཐུན་སྒྲིལ་དམ་ནི་ཞིག།

ཕན་ཚུན་བར་ལ་ཕྲག་དོག་མེད་ནི་ཞིག།

ལེ་བདའ་བྱས་ཅིང་བཟོད་སྒོམ་ཐུབ་ནི་ཞིག།

ཡོན་ཏན་མེད་རུང་མི་གཞི་ཡག་ནི་ཞིག།

ང་ཡི་གྲོགས་པོའི་ནང་གི་གྲོགས་པོ་ཡིན།།

གྲོགས་པོ་གྲོགས་པོ་ཡིན།


གྲོགས་པོ་ཟེར་ན་མངོན་ལྐོག་མེད་ནི་ཞིག།

རྒྱལ་ཕམ་དུས་སུ་འགྱུར་ལྡོག་མེད་ནི་ཞིག།

མི་ཚོགས་ཁྲོད་ན་ཨ་གསར་མེད་ནི་ཞིག།

བརྩེ་བའི་གྲོགས་ལ་བསླུ་བྲིད་མེད་ནི་ཞིག།

ང་ཡི་གྲོགས་པོའི་ནང་གི་གྲོགས་པོ་ཡིན།།

གྲོགས་པོ་གྲོགས་པོ་ཡིན།


ཆུང་ཆུང་ང་ཡི་རྩེད་གྲོགས།

    གཞས་ཚིག རྟ་ནག་གཅོད་པ།          

    དབྱངས།  དམངས་ཁྲོད།          

  ལེན་མཁན།  ལྷ་མཚོ་སྐྱིད། 

ཨ་ཕ་དགའ་བའི་དགོད་དགོད།།

ཨ་མ་སྐྱིད་པའི་འཛུམ་འཛུམ།།

ང་ནི་ཕ་མའི་རེ་བ་ཡིན། 

དྲིན་ཆེན་ཕ་མའི་གཅེས་ཕྲུག་ཡིན།།


དཔེ་ཁུག་ཆུང་ཆུང་འཁུར་འཁུར།།

ཀ་ཁ་ངག་ལ་བདེ་བདེ།།

ང་ནི་སློབ་མ་ཆུང་ཆུང་ཡིན།།

ཀ་ཁ་ག་ངའི་བདག་པོ་ཡིན།།


ལུག་ཆུང་དགའ་བའི་འབའ་འབའ།།

བེའུ་ཆུང་སྐྱིད་པའི་ལྡིང་ལྡིང་།།

ང་ནི་འབྲོག་མོ་ཆུང་ཆུང་ཡིན།།

ཆུང་ཆུང་ང་ཡི་རྩེད་གྲོགས་ཡིན།།