བྱིས་དེབ་ག་འདྲ་ཞིག་ཡིན་ཀྱང་བྱིས་པའི་རྒྱུད་ལ་དཔེ་ཀློག་གི་བག་ཆགས་འཇོག་པའི་ནུས་པ་ཡོད།

བྱིས་དེབ་ག་འདྲ་ཞིག་ཡིན་ཀྱང་བྱིས་པའི་རྒྱུད་ལ་དཔེ་ཀློག་གི་བག་ཆགས་འཇོག་པའི་ནུས་པ་ཡོད།

འདས་པའི་ལོ་ཁ་ཤས་ནས་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་བྱིས་སྐྱོང་སློབ་གསོའི་སྐོར་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་སོང་སྟེ། བྱིས་སྐྱོང་སློབ་གསོའི་སྐོར་ཀྱི་དཔེ་ཆ་རྩོམ་མཁན་དང་བསྒྱུར་མཁན། བྱིས་པའི་ཀློག་དེབ་དང་དུས་དེབ། ཚགས་པར་སོགས་འདོན་སྤེལ་བྱེད་མཁན་གྱི་མི་སྒེར་བ་མང་བོ་ཞིག་བྱུང་དང་འབྱུང་བཞིན་ཡོད། དཔེར་ན་ཨ་ནུ་དཔེ་ཚོགས། ཀྱ་ཙེ་གོམས་ཙེའི་དཔེ་ཚོགས། སྔས་འགྲམ་དཔེ་ཚོགས། བྱིས་པའི་དེབ་ཀྱི་དཔེ་ཚོགས། གྲོགས་པོ་ཆུང་ཆུང་ཚོ། སྒྲུང་དེབ་དང་ལྷན་དུ་རྩེད་ཅེས་པའི་དཔེ་ཚོགས་ལ་སོགས་པའི་བྱིས་སྒྲུང་གི་དཔེ་ཆ་མང་བོ་ཞིག་དཔར་བསྐྲུན་བྱས་ཏེ། བོད་ཀྱི་བྱིས་པའི་སློབ་གསོའི་ཞིང་ས་ལ་རེ་བའི་ཤིང་འབྲས་གསར་བ་མང་བོ་སྐྱེས་དང་སྐྱེ་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་ཏུ་མཐོང་། དེ་དང་ལྷན་དུ་ཐུགས་སྣང་ཅན་གྱི་བླ་མ་དང་མཁན་པོ། དགེ་རྒན་དང་ཕ་མ་མང་བོའི་ཁྲོད་བྱིས་པའི་བློ་དང་འཚམ་པའི་བོད་ཡིག་གི་བྱིས་དེབ་ཅིག་རྙེད་ཀྱི་མི་འདུག་ཅེས་གསུང་མཁན་དང་། བྱིས་པའི་ན་ཚོད་དང་འཚམ་པའི་བྱིས་སྒྲུང་འབྲི་དགོས་པ་གལ་ཆེ་ཞེས་ལམ་སྟོན་གནང་མཁན་དང་། ཕ་མ་མང་བོས་རང་འགུལ་གྱིས་མ་རྩ་བཙུགས་ཏེ་ནུས་པ་མཉམ་སྤོངས་ཀྱིས་བྱིས་དེབ་ལས་གཞི་སྒྲུབ་བཞིན་པ་སོགས་བོད་ཀྱི་བྱིས་སྐྱོང་སློག་གསོའི་བྱ་བཞག་ཡར་ངོས་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྟགས་མཚན་མང་བོ་ཡོད། དེ་ལྟར་ན་ཆེད་མཁས་པ་ཚོས་ལམ་སྟོན་དང་བྱིས་སྒྲུང་གླིང་གི་ཕ་མ་ཚོའི་མྱོང་བ་དཔེ་མཚོན་དུ་བཞག་སྟེ་བྱིས་པར་དཔེ་ཆ་ངོ་སྤྲོད་བྱེད་ཚུལ་མདོར་བསྡུས་ཤིག་གླེང་རྒྱུ་ཡིན།

བྱིས་པའི་སེམས་ཁམས་ཚན་རིག་པ་དང་བྱིས་སྐྱོང་ཆེད་མཁས་པ་ཚོས་བཏོན་པའི་ཞིབ་འཇུག་གི་རྙེད་དོན་དང་འབྲེལ་བའི་ལམ་སྟོན་དཔེ་ཆ་ཚོའི་ནང་དུ། བྱིིས་པའི་ཀླད་པའི་འཕེལ་འགྱུར་སྐོར་ཀྱི་གནས་ཚུལ་ཁ་གསལ་ཞིབ་ཚགས་པོ་བཀོད་ཡོད་པ་ལྟར། ཕྲུ་གུ་མངལ་གནས་ཀྱི་སྐབས་ནས་བཟུང་ཕ་མས་དཔེ་ཀློག་གི་གོམས་གཤིས་རྒྱུན་བསྐྱངས་ཏེ། ཕྲུ་གུར་དཔེ་ཀློག་གི་འདུ་ཤེས་འཇོག་པར་བརྩོན་དགོས་པ་ཡིན། ཕྱི་ལོ་༢༠༡༣ལོའི་ཟླ་བ་༨ པའི་ཚེས་༢༦ ཉིན་ཧྥེན་ལན་ཌི་རྒྱལ་ཁབ་ཀྱི་ཧལ་སེན་ཁས་སློབ་ཆེན་གྱི་ཚན་རིག་སྡེ་ཚན་གྱིས་བཏོན་པའི་སྙན་ཐོ་དེའི་ནང་དུ།མངལ་ཆགས་ནས་ཟླ་བ་བརྒྱད་ལོན་པའི་བུ་མེད་༣༣་ཀྱི་ཁྲོད་ནས་བཅུ་བདུན་ལ་རོལ་དབྱངས་དམིགས་བསལ་བ་ཞིག་ལ་ཉན་དུ་བཅུག་པ་དང་། གཞན་པ་བུད་མེད་༡༦་ལ་རོལ་དབྱངས་དེར་ཉན་དུ་བཅུག་མི་འདུག བུད་མེད་དེ་དག་ལ་ཕྲུ་གུ་བཙས་རྗེས་ཕྲུ་གུ་ཚོའི་ཁོར་ཡུག་ནས་སྔོན་ཆད་བུད་མེད་༡༧ ཀྱིས་ཉན་མྱོང་བའི་རོལ་དབྱངས་དེ་གྲགས་སུ་བཅུག་འདུག། རོལ་དབྱངས་དེར་ཉན་མྱོང་བའི་བུད་མེད་༡༧ གྱི་ཕྲུ་གུ་ཚོས་རོལ་དབྱངས་ཀྱི་སྒྲ་ཐོས་སྐབས་རྣམ་འགྱུར་ཁྱད་པར་བསྟན་ཏེ་བརྡ་བསྟན་པ་དང་། རོལ་དབྱངས་དེར་ཉན་མྱོང་མེད་པའི་བུད་མེད་༡༦ ་གི་ཕྲུ་གུ་རྣམས་ལ་ཚོར་སྣང་མེད་པ་དང་རྣམ་འགྱུར་གང་ཡང་བསྟན་མི་འདུག དེ་བཞིན་དུ་ཇར་མན་གྱི་བྱིས་སྐྱོང་སློབ་གསོ་བ་ཁའར་ཝེ་ཐིས་བརྩམས་ཤིང་བོད་ཀྱི་བསམ་བློ་གསར་བའི་སྣེ་ཁྲིད་པ་སྐུ་ཞབས་ཞོགས་དུང་གིས་བསྒྱུར་བའི་དཔེ་ཆ་ཁ་བྱང་ལ་སྦྱངས་ཐོབ་སློབ་གསོའི་མན་ངག་ཅེས་པ་དེའི་ནང་དུ་མངལ་ལྡན་ཆུང་མས་གང་བྱས་མངལ་གནས་བྱིས་པའི་བག་ཆགས་ཡིན་ཞེས་གསུངས་ཏེ།བྱིས་པ་མངལ་གནས་ཀྱི་སྐབས་ནས་ཕ་མ་དཔེ་ཀློག་ལ་འཇུག་རྒྱུ་གལ་ཆེ་བ་བསྟན་འདུག འོན་ཀྱང་། བྱིས་པ་མངལ་གནས་ཀྱི་སྐབས་སུ་ཀློག་བྱའི་དཔེ་ཆ་ཞེས་དམིགས་བསལ་དེ་འདྲ་ཕལ་ཆེར་མེད་པར་སྣང་། དཔེ་ཆ་ག་འདྲ་ཞིག་ཡིན་ཀྱང་བྱིས་པའི་རྒྱུད་ལ་དཔེ་ཀློག་གི་བག་ཆགས་འཇོག་པའི་ནུས་པ་ཡོད་པ་དང་། བྱིས་པར་བག་ཆགས་ག་འདྲ་ཞིག་འཇོག་མིན་དེ་ཕ་མ་གཉིས་ལ་ཐུག་ཡོད། དེ་ལྟར་ན་བོད་པའི་ཕ་མ་ཚོས་བྱིས་པའི་བློ་དང་འཚམ་པའི་བྱིས་དེབ་ཅིག་རྙེད་ཀྱི་མི་འདུག་ཅེས་ཤེས་མདོག་བསྟན་ནས་མི་འདུག་པར། བོད་ཡིག་གི་བྱིས་དེབ་གང་མང་མང་ཉོས་ཏེ་བྱིས་པར་དཔེ་ཆ་ཀློག་པ་དང་ཀློག་ཏུ་འཇུག་དགོས། ཕ་མས་བོད་ཡིག་གི་དཔེ་ཆ་ཀློག་རྒྱུ་རྒྱུན་འཁྱོངས་བྱས་པ་ཡིན་ན། བྱིས་པས་ཀྱང་བོད་ཡིག་གི་དཔེ་ཆ་ལ་དགའ་མོས་བྱེད་པ་དང་བོད་པའི་རིག་གནས་ཀྱི་སེམས་ཁམས་གཙང་མ་ཞིག་ཆགས་ཐུབ།

ཕྱི་ལོ་༢༠༡༢ ལོར་ཨ་རིའི་མེ་ཡོ་ཁུ་ལེ་ནྰེ་ཁུ་སྨན་ཁང་(Mayo Clinic) གིས་བཏོན་པའི་དཔེ་དེབ་ཁ་བྱང་ལ་ཁྱེད་ཀྱི་ཕྲུ་གུའི་ལོ་དང་པོ་(Your Baby's First Year) ཞེས་པ་དེའི་ནང་དུ།  ཕྲུ་གུ་བཙས་ནས་ཟླ་བ་གཉིས་ལོན་དུས་ཁ་ཏོག་གི་དབྱེ་བ་འབྱེད་ཤེས་ཀྱི་ཡོད་ཅེས་བཤད་འདུག དེ་ན་ཕ་མས་ཕྲུ་གུ་ལ་ཚོན་མདོག་མང་བའི་བྱིས་དེབ་བསྟན་ནས་ཁ་ཏོག་མི་འདྲ་བའི་མིང་ངག་ནས་བརྗོད་དེ་ངོ་སྤྲོད་བྱེད་དགོས། ཡང་དཔེ་ཆ་དེའི་ནང་དུ་ཕྲུ་གུ་ཟླ་བ་དགུ་ལོན་དུས་ཐོས་མྱོང་བའི་མིང་ཚིག་ལས་སླ་བོ་དག་ངག་ནས་བཟློ་ཤེས་པ་ཡིན་ཞེས་བྲིས་འདུག་པ་དང་། ཟླ་བ་བཅུ་ལོན་པའི་ཕྲུ་གུས་ལུས་ཀྱི་རྣམ་འགྱུར་གྱི་སྟེང་ནས་བརྡ་སྤྲོད་ནུས་ཤིང་། ཕ་མ་དང་མི་རྒན་པ་ཚོའི་ལུས་ངག་གི་སྤྱོད་པར་ལད་ཟློས་བྱེད་ཤེས་པར་བཤད་ཅིང་། ཟླ་བ་བཅུ་གཉིས་ལོན་པའི་ཕྲུ་གུས་དྲི་བ་ལས་སླ་བོ་དག་ལ་ལུས་ཀྱི་རྣམ་འགྱུར་དང་ངག་གི་སྒྲ་འབྱིན་སྟངས་ཀྱི་ལམ་ནས་ལན་འདེབས་ཐུབ་ཀྱི་ཡོད་པ་སོགས་བྲིས་འདུག དེ་ན་ཕ་མས་ཕྲུ་གུ་པང་ལ་བཟུང་སྟེ་རི་མོ་རེ་རེར་མཛུམ་མོ་བཙུགས་ཏེ་ཐ་སྙད་རེ་རེ་ངག་ནས་བསྐྱར་ཟློས་ཡང་ཟློས་ཀྱི་ཚུལ་དུ་མཚན་མོ་རེ་རེར་རྒྱུན་འཁྱོངས་བྱས་ན། ཕྲུ་གུའི་དྲན་ངོགས་སུ་རིི་མོ་དང་ཐ་སྙད་གཉིས་ཀ་རྡོ་ལ་རི་མོ་བྲིས་པ་ལྟར་དུ་གསལ་བོ་འཇོག་ཐུབ་པ་ནི་རང་ཉིད་ཀྱི་ཉམས་མྱོང་མ་ཟད། བྱིས་སྒྲུང་གླིང་ན་བཞུགས་པའི་དགེ་རྒན་དང་ཕ་མ། བུ་ཕྲུག་གསོ་སྐྱོང་སྐོར་ལ་དོ་ནན་ཆེ་བ་དག་གི་ངག་ལས་ཡང་ཡང་ཐོས་པ་དང་། ཐེ་ཝན་གྱི་སློབ་དཔོན་ཆེན་མོ་ཧུང་ལན་ཞུ་བ་དེས་བརྩམས་ཤིང་བོད་ཀྱི་བུད་མེད་སློབ་གསོ་བ་འོད་ཟེར་མཚོ་ལགས་ཀྱིས་བསྒྱུར་བའི་བྱིས་སྐྱོང་སློབ་གསོའི་དཔེ་ཆ་ཁ་བྱང་ལ་བྱིས་པ་བཟང་བོར་སྐྱོང་བ་ལ། སྐྱེས་ཐོབ་མི་གཙོ་སྦྱོང་ཐོབ་གཙོ་ཞེས་པ་དེའི་ནང་དུའང་བྱིས་པའི་རིག་སྟོབས་ཆེ་ཆུང་དེ་ལོ་གསུམ་ཡར་སྔོན་ལ། བྱིས་པའི་གོ་ཐོས་བྱུང་བའི་སྐད་ཆ་དང་ཐ་སྙད་ཀྱི་གྲངས་མང་ཉུང་ལ་རག་ལས་ཡོད་པ་རེད་ཅེས་གསུངས་འདུག ཕྲུ་གུ་བཙས་ནས་ལོ་གསུམ་བར་དུ་དཔེ་ཆ་ངོ་སྤྲོད་བྱེད་དུས་རི་མོ་རྐྱང་བའི་བྱིས་དེབ་དང་། རི་མོ་ཆེན་པོ་དང་མིང་དང་ཐ་སྙད་ཁོ་ན་ངོ་སྤྲོད་བྱེད་ཀྱི་དེབ་རྒྱུ་ཆ་རས་ཡིན་པ་དང་ཤོག་བུ་འཐུག་པོ་ཡིན་ན་བཟང་བར་བཤད། རྒྱུ་ཆ་རས་དང་ཤོག་བུ་འཐུག་པོ་ཡིན་པའི་བྱིས་དེབ་ནི་ཕྲུ་གུའི་སྐྱི་པགས་ལ་མི་གནོད་པ་ལ་སོགས་པའི་དགེ་མཚན་ཡོད། ཡིན་ནའང་། སློབ་གསོ་དར་ཁྱབ་ཏུ་སོང་བའི་རྒྱལ་ཁབ་ཚོ་ལྟར་ཕྲུ་གུ་བཙས་ནས་ལོ་གསུམ་ཅན་གྱི་ན་ཚོད་ལ་རན་པའི་བོད་ཡིག་གི་བྱིས་དེབ་མང་བོ་ཕལ་ཆེར་མེད་པར་སྙམ། རང་ཉིད་སྒེར་ལ་ཆ་རྒྱུས་ཡོད་པ་དེ་ནི་ཨ་རིའི་བྱང་ཁཱ་ལུ་ཧྥོ་ནེ་ཡར་བཞུགས་པའི་སྐུ་ཞབས་དོན་གྲུབ་ཚེ་རིང་གི་རྩོམ་སྒྲིག་དང་དཔར་སྐྲུན་བྱེད་བཞིན་པའི་བྱིས་པའི་དེབ་ཀྱི་དཔེ་ཚོགས་དེ་གཅིག་པུ་ཡིན། བྱིིས་སྒྲུང་གླིང་དུ་བཞུགས་པའི་བྱིས་སྐྱོང་སྐོར་ལ་དོ་ནན་ཆེ་བའི་ཕ་མ་ཉམས་མྱོང་ཅན་རྣམས་ལྟར་ན།བྱིས་པ་ལོ་གསུམ་ལོན་དུས་བོད་ཡིག་ཚེག་སྡུད་བྱེད་ཐུབ་པ་དང་། ལོ་བཞི་ལོན་དུས་ནས་ཚིག་གྲུབ་ཐུང་ཐུང་ཀློག་ཐུབ་ཀྱི་འདུག་ཟེར། དཔེ་མཚོན་བཞག་པ་ཡིན་ན། རྒྱལ་རོང་བརྩོན་འགྲུས་ཀྱི་བུ་མོ་ཆེ་བ་སྒྲོལ་མ་གཡུ་མཚོ་ལོ་བཞི་ལོན་དུས་སྒྲོལ་མ་རིང་བ་ཆ་ཚང་ངག་ཐོག་ནས་འདོན་ཐུབ་པ་དང་། ཁྲོ་ཆུའི་དོན་འགྲུབ་ཀྱི་བུ་མོ་མེ་ཏོག་ལྷ་མཛེས་དང་མྱི་གླེན་པའི་བུ་མོ་ཞི་བདེ་སྒྲོལ་གཉིས་ལོ་བཞི་ལོན་དུས་སྟོན་པའི་མཛད་རྣམ་གྱི་བྱིས་དེབ་ཆ་ཚང་ཀློག་ཐུབ་ཀྱི་ཡོད་པ་བོད་པའི་སྤྱི་ཚོགས་དྲྭ་བའི་སྟེང་དུ་མི་མང་བོས་བརྒྱུད་སྐུལ་བྱེད་བཞིན་པ་དེ་རེད། དེ་ན་ལོ་གསུམ་ནས་དྲུག་བར་གྱི་བྱིས་པར་རི་མོ་ཅན་གྱི་བྱིས་དེབ། ཤོག་ངོས་གཙང་ཞིང་ཀློག་བདེ་བ། ཚིག་གྲུབ་ཐུང་ཞིང་རྒྱན་ཚིག་ཉུང་བའི་རིགས་ངོ་སྤྲོད་ཀྱིས་ཀློག་རོགས་བྱེད་པ་དང་ཀློག་ཏུ་འཇུག་དགོས། ལོ་དྲུག་ནས་དགུ་པར་གྱི་བྱིས་པར་རི་མོ་ཅན་གྱི་སྒྲུང་ཅུང་རིང་བའི་རིགས་ངོ་སྤྲོད་བྱེད་པ་དང་། ལོ་དགུ་ནས་བཅུ་གཅིག་བར་གྱི་བྱིས་པར་རི་མོ་ཉུང་ཞིང་སྒྲུང་འབྲིང་རིགས་ཀློག་ཏུ་འཇུག་དགོས། དེ་ནས་བཟུང་ཕ་མས་ཀློག་རོགས་བྱེད་མི་དགོས་པར་བྱིས་པ་རང་ཉིད་ངང་བ་ཆུ་ལ་ཞུགས་པའི་ངང་ཚུལ་ལྟར་དཔེ་ཀློག་གི་ལས་ལ་འཇུག་པ་ཡིན། སྐབས་དེར་སྒྲུང་རིང་གི་དཔེ་ཆ་དེབ་ཕྲེང་མང་བ་དང་ལེའུ་མང་བའི་རིགས་ཉོས་ཏེ་ཀློག་ཏུ་འཇུག་དགོས། དེ་འདྲའི་གནས་སྟངས་དུ་སླེབས་དུས་བྱིས་པས་དེབ་ཕྲེང་དང་པོ་ཀློག་ཚར་དུས། གཉིས་པ་དང་གསུམ་པ་ལ་སོགས་པ་རིམ་བཞིན་ཀློག་འདུན་སྐྱེ་ཞིང་ངང་སྒུག་བྱེད་མི་ཐུབ་པའི་ཚད་ལ་ཐོན་རྒྱུ་ཡོད།དུས་སྐབས་དེར་ཕ་མའི་འོས་འགན་ནི་བུ་ཕྲུག་གིས་བཀླགས་ཚར་བ་དང་ཀློག་བཞིན་པའི་དཔེ་ཆའི་སྐོར་ནས་གླེང་མོལ་བྱས་ཏེ་བསམ་ཚུལ་བརྗེ་རེས་བྱེད་པ་དེ་ཡིན།

མདོར་བསྡུས་ན། བྱིས་སྐྱོང་སློབ་གསོའི་སྐོར་ལ་དོ་ཁུར་ཆེ་བའི་མྱི་བུ་ལྷག་བསམ་ཅན་མང་བོའི་བཀའ་དྲིན་གྱིས་ཉེ་བའི་ལོ་ཤས་ཀྱི་ནང་དུ། བོད་ཀྱི་བྱིས་སྐྱོང་གི་བྱ་བཞག་ཡར་རྒྱས་གོང་འཕེལ་དུ་འགྲོ་བཞིན་ཡོད་ཅིང་། ལྷག་པར་དུ་བོད་ཡིག་སྟེང་དུ་དཔར་བསྐྲུན་བྱས་པའི་བྱིས་དེབ་ཀྱི་གྲངས་ཀའང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པའི་རྟགས་མཚན་ཞིག་ནི་བྱིས་པའི་བློ་དང་འཚམ་པའི་བོད་ཡིག་གི་བྱིས་དེབ་མང་དུ་ཐོན་བཞིན་འདུག དེ་ལྟར་ནའང་། ང་ཚོས་མུ་མཐུད་དུ་ཕ་མས་བྱིས་པར་ཀློག་བྱའི་ཀློག་དེབ་ཀྱི་རིགས་དང་བྱིས་པ་རང་ཉིད་ཀྱིས་ཀློག་བྱའི་བྱིས་དེབ་ཀྱི་རྣམ་གྲངས་ཇེ་མང་དུ་བཏང་སྟེ་བོད་ཀྱི་བྱིས་པའི་སློབ་གསོའི་ཁོར་ཡུལ་དེར་བྱིས་དེབ་སྣ་ཚོགས་ཀྱིས་ཕྱུག་ཅིང་ཀུན་གྱི་འདོད་བློ་ཁེངས་པ་ཞིག་ཡོང་ཐབས་ལ་འབད་དགོས་པར་སེམས་སོ།།

 

ཕྱི་ལོ་༢༠༢༠ལོའི་ཟླ་བ་༡༠་་བའི་ཚེས་༣་ཉིན་གཡག་རྒོད་རྩོམ་སྒྲིག་ཚོགས་ཆུང་གིས།

 

Topic: བྱིས་དེབ་ག་འདྲ་ཞིག་ཡིན་ཀྱང་བྱིས་པའི་རྒྱུད་ལ་དཔེ་ཀློག་གི་བག་ཆགས་འཇོག་པའི་ནུས་པ་ཡོད།

No comments found.

New comment