བྱིས་པ་གདེང་སྤོབས་ཅན་ཞིག་གསོ་སྐྱོང་བྱེད་ཐབས།

བྱིས་པ་གདེང་སྤོབས་ཅན་ཞིག་གསོ་སྐྱོང་བྱེད་ཐབས།

ཕ་མ་ཞིག་ལ་མཚོན་ན་མི་ཚེའི་ཁྲོད་གཅེས་ནོར་གཅིག་ཡོད་པ་དེ་ནི་རང་གི་བུ་ཕྲུག་ཡིན་ཞིང་། བུ་ཕྲུག་ལས་ལྷག་པའི་རྩ་ཆེ་བ་དང་རིན་ཐང་ཆེ་བའི་དངོས་པོ་ཞིག་ཕ་མའི་མི་ཚེའི་ཁྲོད་དུ་མེད། དེར་བརྟེན་ཕ་མ་ཡོད་དོ་ཅོག་གི་རེ་བ་ཉག་ཅིག་ནི་བུ་ཕྲུག་གི་འཚོ་བའི་ཁྲོད་དུ་རྐྱེན་ངན་བར་ཆད་སོགས་མེད་པར་ལུས་བདེ་སེམས་སྐྱིད་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་ན་ཅི་མ་རུང་སྙམ་པ་དེ་ཡིན་ཞིང་། ཕ་མའི་སེམས་ཀྱི་འཁྱེར་སོ་དང་ལུས་ངག་གི་རྩོལ་བ་ཐམས་ཅད་བུ་ཕྲུག་གི་མ་འོངས་མདུན་ལམ་གྱི་ཆེད་དུ་ཡིན། ཡིན་ནའང་། བུ་ཕྲུལ་ལ་བརྩེ་བ་སྤྲོད་སྟངས་དང་གསོ་སྐྱོང་བྱེད་སྟངས་ལ་ལེགས་ཉེས་ཀྱི་ཁྱད་པར་ཤོར་ཏེ་བྱིས་པ་ཚོར་འཇོན་ནུས་དང་གདེང་སྤོབས་ཡོད་མེད་ཀྱི་ཁྱད་པར་ཤོར་གྱི་ཡོད་པར་བཤད། དེ་ལྟར་ན་བུ་ཕྲུག་གི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ཕ་མ་ཚོས་བྱིས་པ་སྐྱོང་ཐབས་ཀྱི་སྐོར་ལ་མཉམ་འཇོག་བྱས་ཏེ་འཇོན་ནུས་དང་གདེང་སྤོབས་བརྟན་པོ་ཡོད་པའི་བུ་ཕྲུག་ཡག་པོ་ཞིག་སྐྱེད་སྲིང་བྱེད་ཐབས་ལ་བརྩོན་དགོས་སོ།།  

 

བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་ང་ནི་ཁྱེད་ལ་ཐར་བའི་ལམ་སྟོན་གྱི།། ཐར་བ་རང་ལ་རག་ལས་ཤེས་པར་གྱིས།། ཞེས་གསུངས་པ་ལྟར། ང་ཚོ་ཕ་མ་ཚོས་སྔོན་བྱོན་མཁས་པས་མཛད་པའི་ལམ་རིམ་བློ་སྦྱོང་ལ་སོགས་པའི་སེམས་ཁམས་རིག་པའི་གཞུང་ལུགས་རྣམས་ལ་བག་ཆགས་ཅུང་ཟད་བཞག་སྟེ་འགྲོ་བ་མིའི་རིགས་ཐམས་ཅད་ལ་ 

རྣམ་དཔྱོད་དང་བློ་གྲོས་གཅིག་མཚུངས་སུ་ཡོད་པའི་སློབ་གསོའི་གནས་ལུགས་བུ་ཕྲུག་ལ་ངོ་སྤྲོད་བྱེད་དགོས་པ་གལ་ཆེ་ཞིང་། བུ་ཕྲུག་གི་འཚར་ལོངས་ཀྱི་གོ་རིམ་ཁྲོད་དུ་ལེགས་ཉེས་དབྱེ་འབྱེད་གསལ་བོ་བྱེད་ཤེས་པའི་ཕ་མ་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་པར་བརྩོན་དགོས། དེ་དང་ལྷན་དུ་བུ་ཕྲུག་གི་བསམ་བློ་དང་ཀུན་སྤྱོད་ཀྱི་རང་དབང་ལ་བརྩི་བཀུར་དང་རྒྱབ་སྐྱོར་བྱས་ཏེ་བུ་ཕྲུག་ལ་བསམ་ཚུལ་བརྗོད་པའི་རང་དབང་སྤྲོད་རྒྱུ་གལ་ཆེ་ཞིང་། བུ་ཕྲུག་གི་འཇོན་ནུས་ལ་ཡིད་ཆེས་དང་གུས་བརྩི་བྱས་ཏེ་རོགས་རམ་དང་མཐུན་རྐྱེན་བསྐྲུན་དགོས། དེ་ལྟར་བྱས་ན་བུ་ཕྲུག་གིས་རང་ཉིད་ཀྱི་འཇོན་ནུས་ལ་ཡིད་ཆེས་ཤིང་གདེང་ཚོད་དང་སྤོབས་པ་གོང་འཕེལ་དུ་གཏོང་ཐབས་ལ་བརྩོན་ཐུབ། མ་འོངས་པར་བསམ་བློ་སྒེར་ཚུགས་ཅན་གྱི་མི་བུ་སྙིང་སྟོབས་ཅན་ཞིག་ཏུ་འགྱུར་ཐུབ་སྲིད་པ་ཡིན། དེས་ན་ཕ་མས་ངེས་པར་དུ་དོ་སྣང་བྱེད་འོས་པའི་གནད་དོན་གཅིག་ནི་བུ་ཕྲུག་གི་སེམས་ཁམས་དང་དགའ་ཕྱོགས་ལ་རྒྱུས་ལོན་བྱས་ཏེ་བུ་ཕྲུག་གི་བཟང་གཤིས་གཙོར་བཟུང་གིས་བུ་ཕྲུག་གི་སེམས་ཁམས་སུ་གདེང་སྤོབས་ཀྱི་འདུ་ཤེས་བརྟན་པོ་ཞིག་འཇོག་དགོས་པ་དེ་ཡིན། གལ་སྲིད་དེ་ལས་ལྡོག་སྟེ་ཕ་མས་བུ་ཕྲུག་གི་བསམ་བློའི་རང་དབང་ལ་བརྩི་བཀུར་མ་བྱས་པར་སྒེར་སྡོམ་བྱས་ཏེ་བུ་ཕྲུག་ལ་དབང་བསྒྱུར་དང་སྟངས་འཛིན་བྱེད་དྲགས་པ་ཡིན་ན། རང་བཀུར་གྱི་འདུ་ཤེས་མེད་པའི་བུ་ཕྲུག་ཉམ་ཆུང་། འཁོས་ཞན། གདེང་སྤོབས་དང་རང་ཚུགས་མེད་པ་ཞིག་ཏུ་འགྱུར་མི་སྲིད་པ་མིན་པས། ཕ་མས་བུ་ཕྲུག་གསོ་སྐྱོང་བྱེད་ཐབས་ཀྱི་སྐོར་ལ་དོ་སྣང་ངེས་པར་དུ་བྱེད་དགོས་སོ།།  

 

ཕྱི་གླིང་གི་སྤྱི་ཚོགས་ཚན་རིག་པ་ཚོས་མི་ལ་ཉ་བཟུང་སྟེ་སྤྲོད་རྒྱུ་མ་ཡིན་པར། མི་ལ་ཉ་འཛིན་ཚུལ་བསླབས་ཏེ་ཉ་འཛིན་དུ་འཇུག་དགོས་ཞེས་བཤད་སྲོལ་ཡོད་པ་ལྟར། ཕ་མས་ཀྱང་བུ་ཕྲུག་གི་ཚབ་ཏུ་ལས་དོན་མི་སྒྲུབ་པར། རང་དཔེ་གཞན་སྟོན་གྱི་ལམ་ནས་བུ་ཕྲུག་ལ་ལས་དོན་སྒྲུབ་སྟངས་བསླབས་ཏེ། བུ་ཕྲུག་གི་འཇོན་ཚོད་ཀྱི་ལས་ཀ་བུ་ཕྲུག་ལ་བསྒྲུབ་ཏུ་འཇུག་རྒྱུ་གལ་ཆེ། བྱིས་སྐྱོང་སློབ་གསོ་བ་ཚོས་ཕ་མ་དགེ་རྒན་དང་འདྲ། བུ་ཕྲུག་སློབ་མ་དང་འདྲ། ཞེས་ལབ་སྲོལ་ཡོད་པ་ལྟར། ཕ་མས་བུ་ཕྲུག་གི་རྣམ་དཔྱོད་དང་འཇོན་རྩལ་ལ་བརྩི་བཀུར་བྱས་ཏེ་རང་དཔེ་གཞན་སྟོན་གྱི་ལམ་ནས་བུ་ཕྲུག་གསོ་སྐྱོང་བྱས་པ་ཡིན་ན། ཕ་མ་དང་བུ་ཕྲུག་གི་འབྲེལ་ལམ་ཇེ་ལེགས་སུ་འགྲོ་ཞིང་། བུ་ཕྲུག་གི་སེམས་སུ་དོགས་སྣང་དང་མཚེར་སྣང་མེད་པར་གདེང་སྤོབས་ཇེ་བརྟན་དུ་འགྲོ་བ་ཡིན། སྐབས་དེར་ཕ་མས་བུ་ཕྲུག་གི་འཇོན་ནུས་ལ་གོང་བཀུར་བྱས་ཏེ་བུ་ཕྲུག་གི་ཚབ་ཏུ་ལས་དོན་སྒྲུབ་མི་ཉན་པའི་གནས་ལུགས་རྟོགས་དགོས། གལ་སྲིད་དེ་ལས་ལྡོག་སྟེ་ཕ་མས་དངོས་ཤུགས་བརྒྱུད་གསུམ་ནས་བུ་ཕྲུག་གི་འཇོན་ནུས་ལ་བརྩི་མེད་རྡོག་རོལ་ཏུ་བཏང་སྟེ། བུ་ཕྲུག་གི་ཚབ་དུ་ནམ་རྒྱུན་ལས་དོན་ཆེ་མ་ཆུང་གསུམ་ཚང་མ་བསྒྲུབ་ནས་བསྡད་པ་ཡིན་ན། དེ་ནི་བུ་ཕྲུག་ལ་རྣམ་དཔྱོད་དང་འཇོན་རྩལ་ངོམས་པའི་གོ་སྐབས་མ་སྤྲད་པ་ཡིན་ཞིང་། བུ་ཕྲུག་ལ་ཤ་ཚ་དང་སྙིང་རྗེ་བྱེད་མ་ཤེས་པ་ཡིན། གལ་སྲིད་ཕ་མས་བུ་ཕྲུག་སྲུང་སྐྱོབ་དང་གཅེས་ལངས་དུ་གཏོང་རྒྱུ་མང་དྲགས་པ་ཡིན་ན། རང་གི་འཇོན་ནུས་ལ་ཡིད་ཆེས་དང་གདེང་སྤོབས་མེད་པ་དང་། འཚོ་བ་རང་འགོ་མི་ཐོན་པ་དང་བསམ་བློ་སྒེར་ཚུགས་མེད་པའི་མི་འཁོས་ཤན་ཞིག་ཏུ་འགྱུར་སྲིད་པ་ཡིན། དེ་ལྟར་ན་ཕ་མས་བུ་ཕྲུག་དང་མཉམ་དུ་དུས་ཚོད་མང་པོ་བསྐྱལ་ཏེ་དྲང་བདེན་དང་འདྲ་མཉམ་ལ་སོགས་པའི་ཡོངས་ཁྱབ་རིན་ཐང་སྐོར་གྱི་སློབ་གསོ་བུ་ཕྲུག་ལ་སྤྲད་ན་བུ་ཕྲུག་གི་རྒྱུད་ལ་གདེང་སྤོབས་བརྟན་པོ་ཆགས་པར་ཕན་ཐོགས་ཆེན་པོ་ཡོད། བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་ཕ་མ་ཡིན་ཟེར་བ་ལྟར། ཕ་མས་རང་ཚུགས་དང་དྲང་ཚུགས་བཟུང་སྟེ་བུ་ཕྲུག་གི་འཇིག་རྟེན་དུ་ཕར་སོང་སྟེ་བུ་ཕྲུག་གི་ཁམས་དང་མོས་པ་ལྟར་གསོ་སྐྱོང་བྱེད་དགོས། དེ་ལྟར་བྱས་པ་ཡིན་ན་བུ་ཕྲུག་ཆུང་དུས་ནས་རང་ཉིད་ཀྱི་ལས་དབང་ལ་རང་གིས་དབང་བསྒྱུར་བྱེད་ཐུབ་པའི་མི་གདེང་སྤོབས་ཅན་ཞིག་ཏུ་འགྱུར་སྲིད་པ་ཡིན།།   

 

བདག་ཉིད་ཆེན་པོ་གན་རྡི་མཆོག་གིས། མི་ལ་ནོར་འཁྲུལ་བཟོ་བའི་རང་དབང་མེད་ན། རང་དབང་ལ་རིན་ཐང་ཅི་ཞིག་ཡོད་ཅེས་གསུངས་པ་ལྟར། མཚར་སྣང་ཆེ་ཞིང་དང་ཤེས་འདོད་ཆེ་བའི་སེམས་ཁམས་ཅན་གྱི་བྱིས་པ་ཚོའི་ནོར་འཁྲུལ་བཟོ་བའི་རང་དབང་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས་ཤིང་། ནོར་འཁྲུལ་བསྒྱུར་བཅོས་གཏོང་བའི་གོ་སྐབས་ངེས་པར་དུ་སྤྲོད་དགོས་པ་ཡིན། བྱིས་པ་འཇིག་རྟེན་དུ་ཐོན་དུས་རང་ཉིད་ཀྱི་འཇིག་རྟེན་དུ་གནས་པའི་བྱ་དངོས་ཀྱི་སྐོར་ལ་འཚོལ་ཞིབ་དང་རྟོག་ཞིབ་བྱེད་པ་ནི་བྱིས་པའི་རང་གཤིས་ཡིན། རྒྱུ་མཚན་ནི། བྱིས་པ་ནི་མཚར་སྣང་ཆེ་ཞིང་ཤེས་འདོད་ཆེ་བའི་སེམས་ཁམས་ཅན་ཞིག་ཡིན། དེར་བརྟེན་བྱིས་པ་རྣམས་བྱ་དངོས་རྟོག་ཞིབ་ལ་དགའ་ཞིང་། བྱ་དངོས་རྟོག་ཞིབ་ཁྲོད་དུ་ནོར་འཁྲུལ་བཟོ་བ་ནི་ཆོས་ཉིད་ཡིན་པ་རེད། དེས་ན་བུ་ཕྲུག་གིས་ནོར་འཁྲུལ་བཟོས་པའི་སྐབས་སུ་ཕ་མས་སྐྱོན་བརྗོད་དང་སྡིགས་དམོད་མི་བྱེད་པར་བུ་ཕྲུག་ལ་སེམས་ཤུགས་སྤར་དགོས་པ་ཡིན། གལ་སྲིད་ཕ་མས་བུ་ཕྲུག་ལ་སྐྱོན་བརྗོད་དང་སྡིགས་དམོད་བྱས་ནས་བསྡད་པ་ཡིན་ན། བུ་ཕྲུག་གི་རང་མཐོང་ལ་གནོད་ཅིང་གདེང་སྤོབས་ཉམས་ཆག་ལ་འགྲོ་སྲིད་པ་ཡིན། ལྷག་པར་དུ་ཕ་མས་བུ་ཕྲུག་བྱིས་པ་གཞན་ལ་གཤིབ་བསྡུར་བྱས་ཏེ་བུ་ཕྲུག་ལ་མཐོང་ཆུང་དང་དམའ་འབེབས། འཕྱ་དམོད་དང་ཆད་གཅོད། གཅར་རྡུང་སོགས་རྩ་བ་ནས་བྱེད་མི་ཉན། བུ་ཕྲུག་ལ་ནོར་འཁྲུལ་ལས་ཉམས་མྱོང་བླངས་ཏེ་སློབ་སྦྱོང་བྱེད་དགོས་པའི་སློབ་གསོ་སྤྲོད་དགོས། ཚན་རིག་པ་གྲགས་ཆེན་ཨ་བྷིར་ཊི་ཨ་རན་སུ་(Albert  Einstein) མཆོག་གིས་ནོར་འཁྲུལ་རྩ་བ་ནས་བྱེད་མ་མྱོང་བའི་མི་དེས་བྱ་བཞག་གསར་བ་གང་ལའང་ཚོད་ལྟ་བྱེད་མྱོང་ཡོད་པ་མ་རེད་ཅེས་གསུངས་པ་ལྟར། ནོར་འཁྲུལ་བྱེད་མ་མྱོང་བའི་མི་ཞིག་འཇིག་རྟེན་དུ་མེད་པ་དང་ནོར་འཁྲུལ་ཤོར་བ་ནི་ཡ་མཚན་སྐྱེ་དགོས་པའི་གནད་དོན་ཞིག་མིན་པ་ཤེས་དགོས། ནོར་འཁྲུལ་རེ་རེ་ལས་སློབ་སྦྱོང་གི་གོ་སྐབས་རེ་རག་པ་དང་། ནོར་འཁྲུལ་ལས་བླངས་པའི་ཉམས་མྱོང་ལས་བུ་ཕྲུག་གི་འཇོན་ནུས་གོང་འཕེལ་དུ་འགྲོ་ཞིང་གདེང་སྤོབས་ཇེ་ཆེར་འགྲོ་བ་ཡིན་པས། ཕ་མ་ཚོས་བུ་ཕྲུག་གིས་བཟོས་པའི་ནོར་འཁྲུལ་ཆུང་ཚགས་རྣམས་དོན་དག་ཚབས་ཆེན་ལ་མི་བརྩི་བར། བྱ་བཞག་རླབས་ཆེན་སྒྲུབ་པའི་སེམས་ཤུགས་དང་གདེང་སྤོབས་ལྡན་པའི་བུ་ཕྲུག་གསོ་སྐྱོང་བྱེད་པར་འབད་དགོས་པར་འདོད་དོ།།  

 

ཕ་མ་ནི་བུ་ཕྲུག་གི་མི་གཤིས་ཀྱི་འབྱུང་ཁུངས་ཡིན་ཟེར་བ་ལྟར། བུ་ཕྲུག་གི་འཇོན་ནུས་དང་གདེང་སྤོབས་ཀྱི་འབྱུང་ཁུངས་དེ་ནི་ཕ་མ་གཉིས་ཡིན། དེ་ན་ཕ་མས་བུ་ཕྲུག་གི་མ་འོངས་པའི་མདུན་ལམ་ཆེད་དུ་བུ་ཕྲུག་གི་གདེང་སྤོབས་ཀྱི་འབྱུང་ཁུངས་ཡང་དག་པ་ཞིག་ཏུ་འགྱུར་ཐབས་བྱེད་དགོས་པ་ཡིན། དེ་ལྟར་ལུས་བདེ་སེམས་སྐྱིད་ཀྱི་བུ་ཕྲུག་གདེང་སྤོབས་དང་ལྡན་པ་ཞིག་གསོ་སྐྱོང་བྱེད་ཐུབ་པ་ཡིན་ན། ཀྱག་ཀྱོག་ཆེ་བའི་མ་འོངས་པའི་འཚོ་བའི་བརྒྱུད་རིམ་ཁྲོད་དུ་ཕྱི་ནང་གི་འགོག་རྐྱེན་ག་འདྲ་ཞིག་ལ་འཕྲད་ཀྱང་། སེམས་ཤུགས་དང་སྙིང་སྟོབས་འགྱུར་བ་མེད་པར་གདོང་ལེན་བྱེད་ཐུབ་པ་ཡིན། དེ་ལྟར་ཕ་མས་བུ་ཕྲུག་གི་རང་གཤིས་དང་རང་དབང་ལ་གུས་བརྩི་བྱས་ཏེ་འཇོན་ནུས་དང་གདེང་སྤོབས་བརྟན་པོ་ཡོད་པའི་བུ་ཕྲུག་གསོ་སྐྱོང་བྱེད་ཐབས་ལ་ནམ་ཡང་འབད་བརྩོན་བྱེད་དགོས་པར་སེམས་སོ།།

Topic: བྱིས་པ་གདེང་སྤོབས་ཅན་ཞིག་གསོ་སྐྱོང་བྱེད་ཐབས།

No comments found.

New comment