བྱིས་པ་བརྩོན་འགྲུས་ཅན་ཞིག་ཏུ་སྐྱེད་སྲིང་དགོས།

བྱིས་པ་བརྩོན་འགྲུས་ཅན་ཞིག་ཏུ་སྐྱེད་སྲིང་དགོས། 

 

 

༄༅།།  བྱིས་པ་བརྩོན་འགྲུས་ཅན་ཞིག་ཏུ་སྐྱེད་སྲིང་དགོས་ཀྱི།  སྡུག་རུས་ཅན་ཞིག་ཏུ་ནམ་ཡང་སྒྱུར་མི་རུང་།

 

ང་ཚོའི་སློབ་ཚན་ནི་ཚད་བཀག་རང་བཞིན་གྱི་སྒྲོམ་གཞི་ཞིག་ཡིན་ལ། དགེ་རྒན་དང་ཁྱིམ་བདག་གིས་ཀྱང་བྱིས་པ་སྒྲོམ་གཞི་དེའི་ནང་བཙན་གྱིས་འཛུད་ཀྱི་ཡོད། དེའི་ཕྱིར་ང་ཚོའི་སློབ་གསོ་དང་སློབ་ཁྲིད་ཀྱིས་བྱིས་པ་སྡུག་རུས་ཅན་ཞིག་ཏུ་སྒྱུར་གྱི་ཡོད། སྡུག་རུས་ཅན་གྱི་བྱིས་པ་ནི་གནས་སྐབས་སློབ་ཚན་གྱི་སྦྱངས་འབྲས་ལེགས་ཤིང་རྒྱུགས་འབྲས་བཟང་ཙམ་ཡོང་སྲིད་མོད། བྱིས་པར་ཤེས་བྱའི་སྤྱི་ཁོག་གི་རྨང་གཞི་ཞན་ཞིང་རང་ཐག་རང་གཅོད་ཀྱི་བློ་སྟོབས་དང་རྣམ་དཔྱོད་སོགས་ཧ་ཅང་ཕྲ་བས། ལོ་རིམ་རིམ་གྱིས་འཕར་བ་དང་བསྟུན་སློབ་སྦྱོང་གི་གནོན་ཤུགས་ཆེ་རུ་འགྲོ་ཞིང་སྤྲོ་སྣང་རིམ་གྱིས་ཡལ་འགྲོ་ཡི་ཡོད། རྒྱུ་མཚན་ནི་ཁོ་རང་དེ་སྔོན་སྦྱངས་འབྲས་ལེགས་ཙམ་ཡོད་པ་དག་ནི་དགེ་རྒན་དང་ཁྱིམ་བདག་གིས་སྒྲོམ་གཞི་དོག་པོ་ཞིག་གི་འོག་ནས་གཅུན་ནས་སྡུག་རུས་ལས་བྱུང་བ་ཡིན་གྱི། སྤྲོ་སྣང་དང་རང་ཉིད་ཀྱི་རྣམ་དཔྱོད་ལས་བྱུང་བ་ཆེར་མེད་པའི་རྐྱེན་གྱིས་རེད། དབྱིས་ཅན་ལིས། སློབ་ཆུང་ནང་ཏག་ཏག་འདི་འདྲའི་སྣང་ཚུལ་འདུག་སྟེ། ལྟ་ཀློག་གཏན་ནས་མི་བྱེད་པའི་སློབ་མའི་རྒྱུགས་འབྲས་མཐོ་ལ། ལྟ་ཀློག་བྱེད་ཀྱིན་པའི་སློབ་མའི་རྒྱུགས་འབྲས་འབུར་དུ་ཐོན་མེད་པ་རེད། དེའི་རྒྱུ་མཚན་ནི་སློབ་ཆུང་སྐབས་ཀྱི་རྒྱུགས་དེ་དག་བསླབ་གཞིའི་ནང་དོན་ལས་འདའ་ཐུབ་ཀྱིན་མེད་པས། བསླབ་གཞི་འབྱོངས་ཀློག་ཐེངས་གཅིག་བྱས་པས་སུ་ཡིན་ཡང་རྒྱུགས་སྐར་མཐོན་པོ་ཞིག་རག་ཡོང་།དོན་དུ་རྒྱུགས་སྐར་དེས་བྱིས་པའི་"སློབ་དེབ་སྦྱངས་པའི་ཆུ་ཚད་"ག་རེ་ཡིན་མིན་གཞལ་བ་ལས། "སྐད་ཡིག་ཆུ་ཚད"ག་རེ་ཡིན་མིན་གཏན་ནས་གཞལ་ཐབས་མེད། ཅེས་གསུངས། 

         དེའི་ཕྱིར་ང་ཚོས་བྱིས་པ་བརྩོན་འགྲུས་ཅན་ཞིག་ཏུ་བསྐྱེད་སྲིང་དགོས་ཀྱི། སྡུག་རུས་ཅན་ཞིག་ཏུ་ནམ་ཡང་སྒྱུར་མི་རུང་། བརྩོན་འགྲུས་དང་སྡུག་རུས་གཉིས་ཀྱི་ཁྱད་པ་ནི་ཧ་ཅང་ཆེ་སྟེ། བརྩོན་འགྲུས་ཀྱི་མཚན་ཉིད་ནི། ནང་ཆོས་ལས། བརྩོན་གང་དགེ་ལ་སྤྲོ་བའོ།། ཞེས་གསུངས་ཤིང་། དེ་ཡང་ནང་ཆོས་སུ་བརྩོན་འགྲུས་ལ་གོ་བ་ལེན་སྟངས་ཅུང་མི་འདྲ་བ་ཞིག་ཡོད་པས། སྐབས་འདིར་དེ་ལས་ཅུང་ཡང་བའི་དབང་དུ་བྱས་ཏེ་འགྲེལ་ན། བརྩོན་འགྲུས་ནི་བྱ་བ་གང་ཞིག་སྒྲུབ་པ་ལ་སྤྲོ་བ་དང་རང་མོས་ཡོད་པ་ཞིག་ལ་ངོས་བཟུང་ན་ཆོག། སྡུག་རུས་ནི་སྤྲོ་སྣང་དང་རང་མོས་མེད་བཞིན་དུ་ཕ་རོལ་པའི་དབང་དང་ཆ་རྐྱེན་གང་རུང་ཞིག་གི་འོག་ནས་བྱ་བ་ཞིག་ལ་བཙན་གྱིས་ཞུགས་པའོ།།  བྱིས་པ་རྣམས་ལའང་དཔྱོད་ཤེས་དང་བླང་དོར་ནུས་པའི་རྣམ་དཔྱོད་ཡོད་པས། དགེ་རྒན་དང་ཁྱིམ་བདག་རྣམས་ཀྱི་མིག་ནང་དུ་ཁོ་ཚོ་ནི་ཅི་ཡང་མི་ཤེས་མཁན་དང་ཅི་ཡང་མི་འཇོན་མཁན་ཞིག་ཏུ་བཟུང་ནས་དོན་དག་ཡོད་ཚད་ཁྱིམ་བདག་དང་དགེ་རྒན་རྐྱང་པས་ཐག་གཅོད་བྱེད་མི་རུང་ངོ་།།   རྒྱུན་དུ་བྱིས་པ་སློབ་སྦྱོང་ལ་སྤྲོ་སྣང་ཡོད་མཁན་ཞིག་ཏུ་སྒྱུར་བར་བརྩོན་རྒྱུ་ནི་བྱིས་པར་རྒྱུགས་སྐར་ཙམ་མཐོར་འདེགས་གཏོང་བ་ལ་འབད་པ་ལས་ཀྱང་གལ་ཆེ་ཞིང་དོན་དང་ལྡན་པའོ། །    ས་སྐྱ་ལེགས་བཤད་ལས། བདེ་བ་ཆུང་ལ་ཆགས་པ་དེས།།   ཆེན་པོའི་བདེ་བ་འཐོབ་མི་སྲིད།། ཅེས་གསུངས་པ་ལྟར། ང་ཚོས་རྟག་ཏུ་རྒྱུགས་སྐར་འབའ་ཞིག་ལ་དམིགས་ནས་གནས་སྐབས་མིག་མདུན་གྱི་གནད་དོན་སེལ་ཐབས་བྱེད་པ་དེས་བྱིས་པའི་མཐར་ཐུག་གི་འདུན་ལམ་དང་ཤེས་ཡོན་ལ་ཤུགས་རྐྱེན་ངན་པར་ཐེབས་སྲིད་པས་ཅིས་ཀྱང་གཟབ་པར་འཚལ། 

 

Topic: བྱིས་པ་བརྩོན་འགྲུས་ཅན་ཞིག་ཏུ་སྐྱེད་སྲིང་དགོས།

No comments found.

New comment