བྱིས་པའི་ནུས་པ་སྔོག་འདོན་དང་རྒྱུན་སྐྱོང་བྱ་ཚུལ།

བྱིས་པའི་ནུས་པ་སྔོག་འདོན་དང་རྒྱུན་སྐྱོང་བྱ་ཚུལ།

བྱིས་པའི་ནུས་པ་སྔོག་འདོན་དང་རྒྱུན་སྐྱོང་བྱ་ཚུལ།

 

འདས་པའི་ལོ་ཁ་ཤས་ནང་དུ་བྱིས་སྐྱོང་སློབ་གསོའི་སྐོར་ལ་དོ་སྣང་བྱེད་མཁན་གྱི་བོད་མིའི་གྲངས་འབོར་འཕེལ་རྒྱས་སུ་སོང་ཡོད་ཀྱང་། ད་དུང་ཡང་བོད་པའི་སྐྱེས་པ་ཚོའི་ཁྲོད་དུ་བྱིས་སྐྱོང་སློབ་གསོ་ནི་སློབ་གསོའི་གྲལ་དུ་མི་འཇོག་མཁན་ཡང་མང་པོ་ཡོད། ཁོ་ཚོ་ལྟར་ན། ང་ཚོའི་མེས་པོ་ཚོའི་རིང་ལ་བྱིས་སྐྱོང་སློབ་གསོ་ཟེར་བ་ཞིག་མེད་པ་དང་བྱིས་པ་སྐྱོང་བའི་བྱ་བཞག་ནི་མི་ཚང་མས་ཤེས་པའི་རྒྱུན་ཤེས་ཤིག་རེད་ཅེས་དང་། མེས་པོས་བུ་ཕྲུག་གསོ་སྐྱོང་བྱས་ཏེ་མི་རིགས་ཀྱི་རིགས་རྒྱུད་ཆད་དུ་བཅུག་མེད་ཅེས་ལབ་ཀྱི་ཡོད། ཡང་འགའ་ཞིག་གིས་བྱིས་པར་སློབ་གསོ་གཏོང་ཟེར་བ་ཞིག་ཡོད་པ་མ་རེད། བྱིས་པ་ཆུང་དུས་ནས་གཅར་རྡུང་བྱེད་དགོས་པ་རེད་ཅེས་ལབ་ཀྱི་ཡོད། ཡང་རེ་ཟུང་གིས་བྱིས་པ་སྐྱོང་སྟངས་ནི་སློབ་སྦྱོང་དགོས་པ་ཞིག་དང་ཉམས་མྱོང་བརྗེ་རེས་བྱེད་དགོས་པའི་གནས་ཚུལ་གལ་ཆེན་ཞིག་མ་རེད། དེ་ནི་མི་ཙམ་མ་ཟད། དུད་འགྲོ་ཚོས་ཀྱང་ཤེས་པའི་གནས་ཚུལ་ཞིག་རེད་ཅེས་བཤད་ཀྱི་ཡོད། དངོས་ཡོད་ཀྱི་གནས་ཚུལ་ལ་བྱིས་སྐྱོང་སློབ་གསོ་ནི་ངེས་པར་དུ་ཤེས་རྟོགས་བྱེད་དགོས་པའི་སློབ་གསོའི་མ་ལག་གལ་ཆེན་ཞིག་ཡིན། དེར་བརྟེན་ཤེས་ཡོན་ཡོད་པའི་ཕ་མ་ཚོས་བྱིས་པའི་ནུས་པ་སྔོག་འདོན་བྱེད་པའི་བྱ་བཞག་གཙིགས་སུ་བཟུང་སྟེ་ཐབས་ལམ་སྣ་ཚོགས་སྤྱོད་ཀྱིན་ཡོད། དེ་ལྟར་ན་གཤམ་དུ་བྱིས་པའི་ནུས་པ་སྔོག་འདོན་བྱེད་ཐབས་དང་དེ་རྒྱུན་སྐྱོང་བྱ་ཚུལ་གྱི་སྐོར་ནས་མདོས་བསྡུས་ཤིག་གླེང་རྒྱུ་ཡིན།

 

ཨི་ཊ་ལའི་སློབ་ཁྲིད་རིག་པའི་ཆེད་མཁས་པ་མི་རེས་ཡཱ་མོན་ཊི་སོ་རེ (Maria Montessori) མཆོག་གིས་བྱིས་པ་རང་ཉིད་ཀྱིས་མཇུག་སྐྱོང་ཐུབ་པ་ཞིག་ཡིན་ན། བྱིས་པ་ལ་རོགས་རམ་རྩ་བ་ནས་བྱེད་མི་ཉན་ཞེས་གསུངས་ཡོད་པ་ལྟར། ཕ་མས་བུ་ཕྲུག་གི་འཇོན་ནུས་ལ་ཡིད་ཆེས་བྱས་ཏེ་ནུས་ཚོད་ཀྱི་བྱ་བཞག་ལ་ཞུགས་སུ་བཅུག་ནས་བུ་ཕྲུག་ལ་རྣམ་དཔྱོད་ཀྱི་རྩལ་འདོན་དུ་འཇུག་དགོས། ཕ་མ་ཚད་ལྡན་ཚོ་བུ་ཕྲུག་གི་འཇིག་རྟེན་དུ་སོང་སྟེ་བུ་ཕྲུག་གི་འགྲོ་འདུག་སྤྱོད་གསུམ་ལ་རྟོག་ཞིབ་བྱས་ནས་བུ་ཕྲུག་གི་བསམ་བློའི་རང་དབང་ལ་བརྩི་བཀུར་བྱེད་པ་དང་། བུ་ཕྲུག་གི་རང་གཤིས་ཀྱི་ཡོན་ཏན་ལ་མཐོང་ཆེན་བྱེད་ཀྱི་ཡོད། དེ་བཞིན་དུ་བུ་ཕྲུག་གི་རང་དབང་དང་ཐོབ་ཐང་ལ་ཚོད་འཛིན་མི་བྱེད་པར་བུ་ཕྲུག་གི་མོས་འདུན་ལ་གུས་ཞབས་དང་བཅས་ཁོ་ཚོའི་དགའ་ཕྱོགས་སྒྲུབ་ཀྱི་ཡོད། ལྷག་པར་དུ་དགའ་ཕྱོགས་ཀྱི་བྱ་བའི་ཁྲོད་དུ་བུ་ཕྲུག་གསོ་སྐྱོང་བྱེད་ཐུབ་པ་ཁོ་ཚོས་ཤེས་ཀྱི་ཡོད། དེ་ལྟར་བྱས་ན་བུ་ཕྲུག་གིས་རང་གི་འཇོན་ནུས་གོང་སྤེལ་དུ་གཏོང་ཐུབ་ཀྱི་ཡོད་པ་ཤེས་ཀྱི་ཡོད། དེ་ནས་ཡང་དབྱིན་ཇིའི་གློག་བརྙན་འཁྲབ་སྟོན་པ་དང་གློག་བརྙན་གྱི་སྒྲུང་རྩོམ་པ་པོ་ཨེ་མ་ཐོམ་སན་(Emma Thompson) ནས། བྱིས་པར་དགོས་པ་ནི་སློབ་སྟོན་བྱེད་རྒྱུ་དེ་མ་ཡིན་པར། ཕ་མས་རིག་པ་སྒྲིམ་ནས་ཉན་དགོས་བ་དེ་ཡིན་ཞེས་གསུངས་ཡོད། དེས་ན་ང་ཚོ་ཕ་མ་ཚོས་བུ་ཕྲུག་ལ་རྣམ་རྒྱུན་ཁ་ནས་འདི་བྱེདདགོས་རེད། དེ་བྱེད་མི་ཉན་ཞེས་སྟངས་འཛིན་གྱི་སྐད་ཆ་བཤད་དེ་སྡོད་རྒྱུ་མ་ཡིན་པར། སེམས་ལྷོད་ལ་བཞག་སྟེ་དྲན་ཤེས་བསྟེན་དགོས་ཤིང་། བུ་ཕྲུག་གིས་བཤད་པའི་སྐད་ཆ་ལ་ལེགས་པར་ཉན་དགོས་པ་ཡིན། ཕ་མས་བུ་ཕྲུག་གི་སྐད་ཆ་ལ་ཡག་པོ་ཉན་ཐུབ་པ་ཡིན་ན། བུ་ཕྲུག་གི་བསམ་ཚུལ་རྟོགས་ཐུབ་པ་དང་བུ་ཕྲུག་ལ་རྒྱུས་ལོན་བྱེད་ཐུབ་པ་ཡིན། གནས་སྐབས་དེར་ཕ་མས་བུ་ཕྲུག་གི་ནུས་པ་སྔོག་འདོན་བྱེད་ཚུལ་ཤེས་རྟོགས་བྱེད་ཐུབ་པ་ཡིན། བྱིས་པ་ནི་ཤེས་འདོད་ཆེ་ཞིང་གནས་ཚུལ་འཚོལ་ཞིབ་ལ་ཧ་ཅང་དགའ་བའི་རང་གཤིས་ཅན་ཞིག་ཡིན་ཞིང་། ཁོ་ཚོས་རྣམ་རྒྱུན་དྲི་བ་མང་བོ་དྲིས་ཏེ་དངོས་པོའི་གནས་ལུགས་འཚོལ་ཞོར་དུ་མི་ལ་འབྲེལ་འདྲིས་བྱེད་ཐབས་བྱེད་ཀྱི་ཡོད། དེ་བཞིན་དུ་ཕ་མས་བུ་ཕྲུག་ལ་དྲི་བ་འདྲི་པའི་སྐབས་སུ་བློ་རིག་སྒྲིམ་སྟེ་དྲིས་ལན་ལ་ཉན་དགོས། བུ་ཕྲུག་གི་དྲིས་ལན་ཁྲོད་ནས་བུ་ཕྲུག་གི་འདུ་ཤེས་འཛིན་སྟངས་དང་དགའ་ཕྱོགས་སོགས་ཤེས་ཐུབ་པ་ཡིན། བུ་ཕྲུག་གི་དྲི་བར་ཉན་པ་ནི་བུ་ཕྲུག་གི་ནུས་པ་གོང་སྤེལ་གཏོང་བའི་གོ་སྐབས་ཤིག་ཡིན་པ་ལ་ངོས་བཟུང་ནས་དྲིས་ལན་འདེབས་དགོས། གཙོ་ཆེ་ཤོས་ཕ་མ་རང་ཉིད་ཀྱི་ཀུན་སྤྱོད་དེ་བུ་ཕྲུག་གི་འཇོན་ནུས་སྔོག་འདོན་བྱེད་པའི་འགོག་རྐྱེན་དུ་མི་འགྱུར་བ་ཁག་ཐེག་བྱེད་དགོས་སོ།  

 

ཨི་ཊ་ལའི་སློབ་ཁྲིད་རིག་པའི་ཆེད་མཁས་པ་མ་རེས་ཡ་མོན་ཊི་སོ་རེ(Maria Montessori) མཆོག་གིས་མཛད་པའི་དཔེ་ཆ་ཁ་བྱང་ལ་བསྡུ་ལེན་གྱི་ནུས་པ་ལྡན་པའི་སེམས་ཞེས་པ་དེའི་ནང་དུ་དགེ་རྒན་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་དེ་ནི་རྩོལ་ནུས་ཀྱི་བར་ནས་བྱིས་པའི་རང་སྟོབས་ཀྱི་ནུས་པ་མངོན་འགྱུར་ཡོང་བར་ཡིད་ཆེས་བྱེད་དགོས་པ་དེ་ཡིན་ཞེས་གསུངས་ཡོད་པ་ལྟར། བྱིས་པའི་འཇོན་ནུས་སྔོག་འདོན་བྱེད་མཁན་གྱི་ཕ་མ་ཞིག་ལ་ངེས་པར་ཡོད་དགོས་པའི་ཆ་རྐྱེན་གཅིག་ནི་བྱིས་པས་རྩོལ་ནུས་བརྒྱུད་དེ་རང་སྟོབས་ཀྱི་རིག་པ་མངོན་འགྱུར་ཡོང་ཐུབ་པར་ཡིད་ཆེས་བྱེད་དགོས་པ་དང་བྱིས་པའི་ནུས་པ་སྔོག་འདོན་བྱེད་སྟངས་ཀྱི་ཐབས་ལམ་མང་བོ་ཞིག་ཤེས་དགོས་པ་དེ་ཡིན། ཡང་ཕྱི་གླིང་གི་སློབ་གསོ་བ་ཚོས་དགེ་རྒན་ཡག་པོ་ཡིན་ན་འཚོལ་ཞིབ་ཀྱི་ཁ་ཕྱོགས་སྟོན་པ་ལས། ཅི་ཞིག་ལ་ལྟ་དགོས་པ་མི་བཤད་ཅེས་ལབ་ཀྱི་ཡོད་པ་ལྟར། ཕ་མས་བསམ་བློ་སྒེར་ཚུགས་ཅན་གྱི་བུ་ཕྲུག་ཅིག་གསོ་སྐྱོང་བྱེད་བསམ་ན། བུ་ཕྲུག་ལ་རང་ཉིད་ཀྱི་ནུས་པ་སྔོག་འདོན་བྱེད་པའི་ཐབས་ལམ་དང་ཁ་ཕྱོགས་བསྟན་དེ་འཇོན་ནུས་ངོམ་དུ་འཇུག་རྒྱུ་གལ་ཆེ། ཡང་ཆ་རྐྱེན་མེད་པའི་བྱམས་བརྩེ་ཞེས་པའི་བྱིས་སྐྱོང་སློབ་གསོའི་སྐོར་གྱི་དཔེ་དེབ་རྩོམ་པ་པོ་ཨལ་སྤེ་ཁོན་(Alfie Kohn) མཆོག་གིས་གལ་སྲིད་བྱིས་པའི་སེམས་ལ་འཇིགས་སྐྲག་མེད་པ་ཡིན་ན། བྱིས་པས་ཉེན་ཁར་མི་འཛེམ་པར་དྲི་བ་མང་བོ་འདྲི་བ་དང་། ནོར་འཁྲུལ་བཟོ་བ། བློ་གཏད་བྱེད་ཚུལ་སྦྱོང་བ། རང་གི་སེམས་ཚོར་བཤད་དེ་འཚར་ལོངས་འབྱུང་བ་ཡིན་ཞེས་གསུངས་པ་ལྟར། བྱིས་པས་རང་གི་འཇོན་ནུས་སྟོན་ཐུབ་པ་དང་དེ་གོང་འཕེལ་དུ་འགྲོ་བའི་ཆེད་དུ་ཕ་མས་ཞི་འཇམ་གྱི་ཐབས་ལམ་སྤྱད་དེ་བུ་ཕྲུག་གསོ་སྐྱོང་བྱེད་དགོས་པ་དེ་ཤེས་དགོས། ཡང་ཨི་ཊ་ལའི་སློབ་ཁྲིད་རིག་པའི་ཆེད་མཁས་པ་མ་རེས་ཡ་མོན་ཊི་སོ་རེ་(Maria Montessori) མཆོག་གིས་བྲིས་པའི་དཔེ་ཆ་ཁ་བྱང་ལ་བསྡུ་ལེན་གྱི་ནུས་པ་ལྡན་པའི་སེམས་(The Absorbent Mind) ཞེས་པ་དེའི་ནང་དུ་བྱིས་པ་ལ་ང་ཚོས་རྟོགས་མི་ཐུབ་པའི་ནུས་པ་མང་བོ་ཡོད། གལ་སྲིད་ང་ཚོ་འོད་སྟོང་ལྡན་པའི་འཇིག་རྟེན་གསར་བ་ཞིག་ཏུ་བསྐྱོད་འདོད་ཡོད་ན། བྱིས་པའི་ནུས་པ་སྔོག་འདོན་བྱས་ཏེ་གསོ་སྐྱོང་བྱེད་དགོས་པ་ཡིན་ཞེས་གསུངས་ཡོད། དེ་ལྟར་ན་ཕ་མ་གཉིས་ཀྱིས་ནུས་པ་མཉམ་དུ་སྤུངས་ཏེ་བུ་ཕྲུག་གི་ནུས་པ་སྔོག་འདོན་བྱེད་པའི་ཐབས་ལམ་ལ་སྦྱོང་དགོས་ཤིང་། བྱིས་པར་འབྱུང་འགྱུར་གྱི་འཚོ་བ་ཡག་པོ་ཞིག་མཁོ་སྤྲོད་བྱེད་དགོས་སོ།། 

 

ཨ་རིའི་སྤྱི་ཚོགས་གསར་བརྗེ་བ་དང་བྲན་གཡོག་ལམ་ལུགས་ལ་ངོ་རྒོལ་བྱེད་མཁན་གྲགས་ཅན་སྐུ་ཞབས་ཧྥེ་སྒྲི་རེ་ཁུ་རྒི་ལེ་སུ་(Frederick Douglass) མཆོག་གིས་བྱིས་པ་ཡིན་དུས་ནས་ནུས་པ་ལྡན་པ་ཞིག་གསོ་སྐྱོང་བྱེད་རྒྱུ་ལས་སླ་བོ་ཡོད་པ་ལས་ཆེན་པོར་གྱུར་བའི་སྐབས་སུ་ལེགས་བཅོས་བྱེད་རྒྱུ་དཀའ་ཞེས་གསུངས་ཡོད། དེས་ན་ཕ་མ་གཉིས་རྣམ་གཡེང་དང་ལེ་ལོའི་དབང་དུ་མི་འགྲོ་བར་བུ་ཕྲུག་གི་ནུས་པ་སྔོག་འདོན་བྱེད་པའི་གལ་ཆེའི་ལས་དོན་ལ་འཐུས་ཤོར་དུ་གཏོང་མི་ཉན་པའི་དོན་ཡིན་པར་སྙམ། བུ་ཕྲུག་གི་ནུས་པ་སྔོག་འདོན་བྱེད་སྟངས་ཀྱི་ཐད་ལ་ཨི་ཊ་ལའི་སློབ་ཁྲིད་རིག་པའི་ཆེད་མཁས་པ་མ་རེས་ཡ་མོན་ཊི་སོ་རེ་(Maria Montessori) མཆོག་གིས་མཛད་པའི་དཔེ་ཆ་ཁ་བྱང་ལ་བསྡུ་ལེན་ཀྱི་ནུས་པ་ལྡན་པའི་སེམས་ཞེས་པ་དེའི་ནང་དུ་དགེ་རྒན་གྱི་འོས་འགན་ནི་སྐད་ཆ་བཤད་ནས་སློིབ་གསོ་སྤྲོད་རྒྱུ་ཙམ་མ་ཡིན་པར། བྱིས་པའི་ཡིད་སེམས་འགུག་ཐུབ་པའི་གོ་རིམ་ཅན་གྱི་རིག་གཞུང་གི་བྱེད་སྒོ་མང་བོ་སྤེལ་སའི་ཁོར་ཡུག་དམིགས་བསལ་བ་ཞིག་གོ་སྒྲིག་བྱེད་དགོས་པ་ཡིན་ཞེས་གསུངས་ཡོད། དེ་ན་ང་ཚོ་ཕ་མ་ཚོས་ཀྱང་ཁོ་མོའི་ལམ་སྟོན་ལྟར་བུ་ཕྲུག་རང་ཉིད་ལ་རང་གི་ནུས་པ་སྔོགའདོན་བྱེད་སའི་ཁོར་ཡུག་བཟང་བོ་ཞིག་ཏུ་སྒྱུ་རྩལ་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་གོ་སྒྲིག་བྱེད་དགོས་པ། དཔེར་ན། རོལ་རྩེད་དང་གླུ་གཞས་སྒྱུ་རྩལ། རི་མོ་དང་རོལ་དབྱངས་སྒྱུ་རྩལ། སྙན་ངག་དང་ཁ་ཤགས་སོགས་སྒྱུ་རྩལ་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་ལ་བུ་ཕྲུག་ཞུགས་སུ་བཅུགས་ཏེ་འཇོན་ནུས་ཀྱི་རྩལ་འདོན་དུ་འཇུག་དགོས།ཡང་ཁོ་མོའི་དཔེ་ཆའི་ཁ་བྱང་ལ་བྱིས་པའི་གནས་སྐབས་ནས་ལང་ཚོ་དར་ལ་བབས་པའི་པར་ཞེས་པ་དེའི་ནང་དུ་སློབ་གསོའི་རྩ་འཛིན་གལ་ཆེ་ཤོས་ཤིག་ནི་ཅ་དངོས་ཀྱི་བར་དུ་འབྲེལ་ལམ་བཟོས་ཏེ་བྱིས་པ་ལ་ཤེས་ཡོན་སྤྲོད་དགོས་པ་ལས། ཟབ་རྒྱས་ཤིག་ཁྲིད་ན་བྱིས་པ་ལ་མགོ་རྙོག་བཟོ་སྲིད་ཅེས་གསུངས་ཡོད། དེ་ལྟར་ན་བྱིས་པ་ལ་དོ་སྣང་ཡོད་པའི་ཡོ་ཆས་ཀྱི་མཐུན་རྐྱེན་སྦྱར་ཏེ་ཡོ་ཆས་བེད་སྤྱོད་ཀྱི་ལམ་ནས་བྱིས་པ་ལ་སློབ་གསོ་སྤྲོད་དགོས་པའི་དོན་ཡིན། དེ་བཞིན་དུ་ཨ་རིའི་རྩེད་མོའི་སློབ་གསོའི་ཆེད་མཁས་པ་ཝིན་སུ་གྷོ་བ་མོན་(Vince Gowmon) མཆོག་གིས་ང་ཚོས་བྱིས་པ་ལ་སློབ་སྦྱོང་བྱེད་དུ་འཇུག་མི་ཐུབ། ང་ཚོས་བྱེད་ཐུབ་པ་དེ་ནི་བྱིས་པར་འཚམ་པའི་སློབ་སྦྱོང་གི་ཆ་རྐྱེན་ཡག་པོ་ཞིག་སྐྲུན་ཐུབ་པ་དེ་ཡིན་ཞེས་གསུངས་ཡོད།  དེ་ལྟར་ན་ང་ཚོ་ཕ་མ་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བུ་ཕྲུག་གིས་རང་གི་འཇོན་ནུས་སྔོག་འདོན་བྱེད་པའི་བྱེད་སྒོ་དང་འབྲེལ་བའི་ཆ་རྐྱེན་བསྐྲུན་པ་ལས། རང་ལྟ་མཆོག་འཛིན་དང་བཙན་པོ་དབང་ཡོད་ཀྱི་ལམ་ནས་བུ་ཕྲུག་གི་འཇོན་ནུས་སྔོག་འདོན་བྱེད་མི་ཐུབ་པ་ཤེས་དགོས་སོ།།

 

མདོར་བསྡུས་ན། བོད་ཕྱི་ནང་གཉིས་སུ་བྱིས་སྐྱོང་སློབ་གསོའི་སྐོར་ལ་དོ་སྣང་བྱེད་མཁན་དང་གླེང་སློང་བྱེད་མཁན་གྱི་ཕ་མའི་གྲངས་འབོར་ཇེ་མང་དུ་ཕྱིན་ཡོད། ལྷག་པར་དུ་བོད་ཕྱི་ནང་གི་ཕ་མ་རེ་ཟུང་ཞིག་གིས་རང་གི་བུ་ཕྲུག་གསོ་སྐྱོང་བྱེད་ཞོར་དུ་རང་ཉིད་ཀྱི་ཉམས་མྱོང་རྣམས་ཉིན་ལྟར་བོད་པའི་སྤྱི་ཚོགས་དྲ་ལམ་གྱི་ཚོགས་སྡེ་ཚོའི་ནང་དུ་བརྗོད་དེ་བྱིས་སྐྱོང་སློབ་གསོའི་བྱ་བཞག་སྒོ་ཀུན་ནས་ཡར་རྒྱས་སུ་གཏོང་ཐབས་ལ་འབད་ཀྱིན་ཡོད་པ་དང་། ལོ་འགའ་ཤས་ཀྱི་ནང་དུ་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོན་ཡོད་པའི་དཔང་རྟགས་མང་པོ་མཐོང་རྒྱུ་དང་ཐོས་རྒྱུ་ཡོད། འོན་ཀྱང་། ད་དུང་བོད་ཕྱི་ནང་གཉིས་སུ་རྩམ་དྲི་དང་མར་དྲི་མི་བྲོ་བའི་བྱིས་པ་མང་བོ་འཚར་ལོངས་བྱུང་དང་འབྱུང་བཞིན་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན། དེ་ལྟར་ན་ལས་ཀ་ཆུང་ས་ནས་སྒྲུབ་སྟེ་དམིགས་ཡུལ་ཆེ་སར་འཛིན་དགོས་ཟེར་བ་ལྟར། བོད་ཕྱི་ནང་གི་ཕ་མ་ཚོས་དངོས་དོན་བདེན་འཚོལ་ལམ་ནས་བུ་ཕྲུག་གི་ནུས་པ་སྔོག་འདོན་བྱེད་པའི་བྱ་བཞག་མུ་མཐུད་རྒྱུན་སྐྱོང་དང་དེའི་གལ་ཆེའི་གནས་ཚུལ་གང་སར་སྤེལ་དགོས་པ་དེ་ཧ་ཅང་གལ་ཆེ་འོ།།

Topic: བྱིས་པའི་ནུས་པ་སྔོག་འདོན་དང་རྒྱུན་སྐྱོང་བྱ་ཚུལ།

No comments found.

New comment