འཇར་པན་གྱི་དམངས་ཁྲོད་སྒྲུང་གཏམ།

སློང་མོ་བ་དང་ཕྱུག་བདག

༄༅།། ཉིན་ཞིག་སློང་མོ་བ་རྒས་འཁོགས་ཤིག་གྲོང་སྡེ་ཞིག་གི་ནང་དུ་སློང་མོ་བྱེད་དུ་སོང་བ་ན། གྲོང་དཀྱིལ་དུ་མཛེས་སྡུག་ལྡན་པའི་ཁང་པ་ཆེན་པོ་ཞིག་ཡོད་པ་མཐོང་སྟེ། ཁང་པ་དེའི་རྒྱལ་སྒོ་བརྡུངས། ཡུད་ཙམ་ནས། ཕོ་གསར་ཞིག་གིས་རྒྱལ་སྒོ་ཕྱེས་ཏེ། ཡ་རྒན་པོ། ངའི་ཁང་སྒོ་བརྡུངས་ནས་ཅི་བྱེད་ཅེས་དྲིས། སློང་མོ་བ་དེས་གུས་ཚུལ་དང་བཅས། སྲས་སྐུ་ཞབས་ལགས། ཁམས་བཟང་། ང་སློང་མོ་བ་ཞིག་ཡིན། ངའི་ཁ་སྐོམ་ནས་བཟོད་ཀྱི་མི་འདུག་པས། ང་ལ་འོ་མ་ཕོར་པ་གང་སྟེར་རོགས་གནང་ཞེས་ཞུས། ཕོ་གསར་དེས། ལག་པ་གནམ་ལ་གཡུག་བཞིན་དུ། མེད། མེད་མེད། སྤྲང་རྒན། ཕར་རྒྱུགས། འོ་མ་སྟེར་རྒྱུ་མེད་ཅེས་བཤད།

 

དེ་ནས་སློང་མོ་བ་དེས་མཐེབ་བོང་གཉིས་སྟོན་བཞིན་དུ། སྲས་སྐུ་ཞབས་ལགས། ཐུགས་རྗེས་གཟིགས། ང་གྲོད་ཁོག་ལྟོགས་ནས་བཟོད་ཀྱི་མི་འདུག་པས། ང་ལ་གོ་རེ་ཞིག་གནང་རོགས་ཞེས་ཞུས། ཕོ་གསར་དེ་ཁོང་ཁྲོ་ཅུང་ཟད་ལངས་པའི་ཉམས་དང་ལྷན་དུ། སྤྲང་རྒན། གོ་རེ་སྤྲད་རྒྱུ་མེད། ང་སུན་པོ་མ་བཟོས་ན་ཡག་ཅེས་འཇིགས་སྣང་བསྐུལ་བ་དང་། རྒན་པོ་ལ་སླར་ཡང་། ཕར་རྒྱུགས་ཞེས་བཙན་བཀའ་བཏང་།

 

དེ་ནས་སློང་མོ་བ་དེས་ཡང་བསྐྱར་ལག་ཟུང་ཐལ་མོ་སྦྱར་ཏེ། སྲས་སྐུ་ཞབས་ལགས། ཐུགས་རྗེས་གཟིགས་རོགས། ང་ཁ་སྐོམ་ནས་དངོས་གནས་བཟོད་ཀྱི་མི་འདུག་པས། ང་ལ་ཆུ་ཕོར་པ་གང་སྟེར་རོགས་གནང་ཞེས་ཞུས། ཕོ་གསར་དེས། ཝ་ཡེ། སྤྲང་རྒན། ཨུ་ཚུགས་བྱས་ནས་ཅི་བྱེད། ཆུ་སྟེར་རྒྱུ་ཡང་མེད། ད་ཕར་ཕྱིན་ན་ཡག གལ་ཏེ་མི་ཉན་ན། ངས་གྲོགས་པོ་ཁ་ཤས་སྐད་བཏང་ནས། ཁྱོད་གྲོང་འདབས་ལ་རྒྱང་འབུད་གཏོང་གི་ཡིན་ཞེས་འཇིགས་སྐུལ་བྱས།

 

སློང་མོ་བ་དེ་ཡར་ལངས་པ་དང་། དགོད་ཞོར་དུ། དེས་ན་ཁྱོད་དེར་ལངས་བསྡད་ནས་ཅི་བྱེད། ང་དང་མཉམ་དུ་ཤོག ཁྱོད་ལྟ་བུའི་མི་དབུལ་པོ་ཞིག་ལ་སྔོན་ཆད་ང་ཐུག་མ་མྱོང་། ད་སློང་སྣོད་ཅིག་ཟུངས་དང་། ངེད་གཉིས་སློང་མོ་བྱེད་དུ་འགྲོ་ཞེས་བཤད། ཕོ་གསར་དེས་རྒན་པོའི་སྐད་ཆའི་དོན་མ་རྟོགས་པར། རེ་ཞིག་ཁ་གདངས་ཏེ་བསྡད་པ་ན། རྒན་པོས་ཡང་བསྐྱར། ཡ་ཕོ་གསར། ཤོག ང་དང་མཉམ་དུ་སློང་མོ་བྱེད་དུ་འགྲོ། གྲོང་སྡེའི་ནང་དུ་བཟའ་བཏུང་རེ་སྤྲོད་པའི་མི་རེ་ཡོད་པ་ཐག་གིས་ཆོད་ཅེས་བཤད་དུས།
དེ་ནས་ཕོ་གསར་དེ་ངོ་ཚ་བ་དང་། རྒྱལ་སྒོ་བརྒྱབ་ནས་ཕྱིར་ནང་དུ་བྲོས་སོང་བ་རེད།

 

མཁས་གྲུབ་གྱིས་བསྒྱུར། བསེ་རུས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག