སྐད་ཡིག་རྒྱུན་འཛིན་གྱི་འགོག་རྐྱེན་དང་དེའི་མཇུག་འབྲས།

སྐད་ཡིག་རྒྱུན་འཛིན་གྱི་འགོག་རྐྱེན་དང་དེའི་མཇུག་འབྲས།

གོ་ལ་གཅིག་གྱུར་གྱི་གྲོང་ཚོ་ཞེས་འབོད་པའི་དུས་རབས་༢༡ པའི་ནང་དུ་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་མི་རིགས་མང་པོ་གྲོང་ཁྱེར་གཅིག་གི་ནང་དུ་མཉམ་གནས་ཀྱིས་འཚོ་བ་སྐྱེལ་བཞིན་ཡོད་ཅིང་། མི་འབོར་ཆེན་པོ་ཡོད་པའི་མི་རིགས་ཚོའི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་རིག་གནས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་རིག་གནས་ལ་བརྩི་མེད་རྡོག་རྫིས་བཏང་སྟེ་རྐྱེན་ལམ་དུ་བཏང་དང་གཏོང་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོའི་ཟླ་བ་༡༢ པའི་ཚེས་༡༧ ཉིན་འཛམ་གླིང་རྒྱལ་ཚོགས་ཀྱིས་སྤེལ་བའི་གསར་འགྱུར་ཞིག་གི་ནང་དུ། གཟའ་འཁོར་གཉིས་རེའི་ནང་དུ་སྐད་ཡིག་རེ་འཇིག་བཞིན་ཡོད་པ་དང་། དུས་རབས་འདིའི་དུས་མཇུག་ལ་སླེབས་དུས་འཛམ་གླིང་གི་སྐད་རིགས་༧༠༠༠ གི་ཁྲོད་ནས་ཕྱེད་ཀ་འཇིིིག་འགྲོ་བར་ཚོད་དཔག་བྱེད་ཀྱི་ཡོད། དེས་ན་ང་ཚོས་རང་ཁྱིམ་གྱི་བོད་སྐད་ཡིག་གི་གནས་སྟངས་ཚད་ག་འདྲ་ཞིག་ཏུ་བསླེབས་ཡོད་པ་ཤེས་པར་བྱས་ཏེ་ཉམས་པ་སླར་གསོ་དང་མི་ཉམས་སོར་ཆུད་ཀྱི་ཕྱོགས་ལ་འབད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་སྐད་ཡིག་གི་གནས་སྟངས་ལ་དཔྱད་ཐབས་ལྟར་ན། ཁྱིམ་མི་རྒན་གཞོན་ཚང་མས་བོད་སྐད་བཤད་ཀྱི་ཡོད་ན་ཁྱིམ་ཚང་གི་བོད་སྐད་ལ་ཉེན་ཁ་མེད་པ་དང་། བྱིས་པ་ཚོས་བོད་སྐད་བཤད་ཀྱི་ཡོད་ཀྱང་བཤད་སའི་ཁོར་ཡུག་ལ་ཚད་བཀག་ཡོད་ན་ཁྱིམ་ཚང་གི་བོད་སྐད་ལ་ཉེན་ཁ་འཕྲད་ཀྱི་ཡོད་ཟེར། བྱིས་པ་ཚོས་རང་ཁྱིམ་ནས་བོད་སྐད་བཤད་ཀྱི་མེད་ན་ཁྱིམ་ཚང་ནང་གི་བོད་སྐད་ཉེན་ཁའི་གནས་སུ་ལྷུང་ཟིན་པ་དང་། ཨ་ཡས་དང་ཨ་མྱེ་ལས་ནང་མི་གཞན་པ་ཚོས་བོད་སྐད་གོ་ནའང་བཤད་མི་ཐུབ་པའི་སྐབས་སུ་ཁྱིམ་ཚང་གི་བོད་སྐད་ལ་ཉེན་ཁ་ཚབས་ཆེན་ཡོད་པ་རེད་ཟེར། ཨ་མྱེ་དང་ཨ་ཡས་གཉིས་ཀྱིས་ཀྱང་བོད་སྐད་ཡག་པོ་ཞིག་བཤད་མི་ཐུབ་པའི་སྐབས་སུ་ཁྱིམ་ཚང་གི་བོད་སྐད་དེ་སྐྱོབ་ཐབས་མེད་པའི་གནས་སུ་གྱུར་ཟིན་པར་བརྗོད། དེས་ན་ཕྱི་རྒྱལ་དུ་བཞུགས་པའི་བོད་པའི་ཕ་མ་ཚོས་བོད་སྐད་ཡིག་རྒྱུན་འཛིན་དགོས་པའི་གལ་ཆེའི་རང་བཞིན་དང་བྱིས་པ་ཚོས་བོད་སྐད་བཤད་མི་ཤེས་པའི་རྒྱུ་རྐྱེན། དེའི་མཇུག་འབྲས་སོགས་དང་འབྲེལ་བའི་བསམ་ཚུལ་ཁ་ཤེས་གླེང་རྒྱུ་ཡིན།

མི་རྣམས་ནི་སྲོག་ལྡན་སེམས་ཅན་གཞན་ལས་ཁྱད་དུ་འཕགས་པའི་རྒྱུ་མཚན་གཅིག་ནི་ངག་ནས་སྐད་ཆ་བཤད་དེ་ཕན་ཚུན་ལ་གོ་བརྡ་སྤྲོད་ཐུབ་ཀྱི་ཡོད་པ་དེ་ཡིན་པར་བརྗོད། དེས་ན་ང་ཚོ་བོད་པ་ཚོ་ཡང་འཛམ་གླིང་མི་རིགས་གཞན་ལས་ལོགས་སུ་དགར་བྱེད་ཀྱི་མཚོན་རྟགས་གསལ་པོ་དེ་ནི་བོད་སྐད་བཤད་དེ་ཕན་ཚུན་ལ་གོ་བརྡ་སྤྲོད་ཐུབ་པ་དེ་ཡིན་པར་སེམས། དེས་ན་ཕྱི་ནང་གི་མཁས་པ་ཚོའི་སྐད་ཡིག་གི་མཚོན་དོན་སྐོར་ལ་ལྟ་ཚུལ་འགའ་གླེང་ན་འདི་ལྟར། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨན་ཐོ་ནེའོ་གྷུ་ཌི་རེ་(AntonioGuterres) མཆོག་གིས་སྐད་ཡིག་ནི་ཕན་ཚུན་ལ་བརྡ་སྤྲོད་བྱེད་ཀྱི་ལག་ཆ་དང་། རྒྱལ་རབས་ལོ་རྒྱུས། ཆོས་དང་རིགས་གནས། མི་རིགས་ཀྱི་ངོ་བོ་བཅས་རེད་ཅེས་གསུངས་པ་ལྟར། ང་ཚོས་བོད་སྐད་བཤད་ཤེས་པའི་བུ་ཕྲུག་ཅིག་བསྐྱེད་སྲིང་བྱེད་མ་ཐུབ་པ་ཡིན་ན། རྒྱལ་རབས་ལོ་རྒྱུས་ལ་སོགས་པའི་མི་རིགས་ཀྱི་རིག་གནས་ཡག་པོ་ཞིག་ཁོ་ཚོས་ཤེས་མི་ཐུབ། བོད་ཀྱི་སློབ་གསོ་བ་ཆེན་མོ་ཨ་ལགས་དོར་ཞི་རིན་པོ་ཆེ་ཚང་གིས། མི་ཁ་ཤས་ཀྱིས་སྐད་ཡིག་ནི་བེད་སྤྱོད་པའི་ལག་ཆ་ཁོ་ནར་ལྟ་ཞིང་། བེད་སྤྱོད་བྱེད་ཡུལ་ཆུང་ན་བསླབ་པའི་དགོས་པ་ཆུང་བསམ་ཞིང་། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་བཟུང་ནས་རྒྱུན་འཛིན་དགོས་པ་མི་ཤེས་ཞེས་གསུངས་ཡོད། ཡང་སྐུ་ཞབས་ཞོགས་དུང་གིས་བསྒྱུར་ཞིང་འཇར་མན་གྱི་བྱིས་སྐྱོང་སློབ་གསོ་བ་ཁའར་ཝེ་ཐེས་མཛད་པའི་དཔེ་ཆ་ཁ་བྱང་ལ་སྦྱངས་ཐོབ་སློབ་གསོའི་མན་ངག་ཅེས་པ་དེའི་ཤོག་ངོས་༣༨ ཀྱི་ནང་དུ། སྐད་ཆ་ནི་ཤེས་བྱ་སློབ་པའི་ལག་ཆ་ཡིན་པར་མ་ཟད། བསམ་གཞིག་ཀྱང་དེ་ལ་བརྟེན་ནས་གཏོང་བ་ཡིན། སྐད་ཆ་བཤད་མ་ཤེས་ཚེ་ཤེས་བྱ་གང་ཡང་བསླབ་ཏུ་མེད་ཅེས་གསུངས་འདུག ཡང་བུད་མེད་རིང་ལུགས་པ་དང་རྩོམ་པ་པོ་གྲགས་ཅན་ལྕམ་སྐུ་རེ་ཊ་མཱ་བྷི་རོན་ (Rita Mae Brown) མཆོག་གིས་སྐད་ཡིག་ནི་རིག་གཞུང་གི་ས་བཀྲ་ཡིན། དེས་ཁྱེད་རང་ལ་མི་རིགས་དེ་གང་ནས་ཡོང་བ་དང་གང་དུ་འགྲོ་བའི་ཁ་ཕྱོགས་བཤད་ཀྱི་ཡོད་ཅེས་གསུངས་ཡོད། དབྱིན་ཇིའི་སྐད་ཆ་རིག་པ་དང་སློབ་དཔོན་ཆེན་མོ་ཧྥུ་རན་ཁུ་སུ་མེ་ཐི་(Frank Smith.) མཆོག་གིས་སྐད་ཡིག་ནི་རིགས་རྒྱུད་ལས་ཐོབ་པའི་ལག་རྟགས་ཤིག་མ་ཡིན་པར། དེ་ནི་སྤྱི་ཚོགས་ཀྱི་འབྲེལ་ལམ་ནས་ཐོབ་པའི་ལག་རྟགས་ཤིག་རེད་ཅེས་དང་། སྐད་ཡིག་ནི་རིག་གནས་ཀྱི་སྒོ་བརྒྱ་འབྱེད་པའི་ལྡེ་མིག་རེད་ཅེས་གསུངས་འདུགམཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་རྙིང་གྲས་ཚོའི་སྐད་ཡིག་གི་གནས་སྟངས་རྟོགས་ཞིབ་པ་ཧྥུ་རན་སེ་སུ་ཁོ་ཁཱ་ལས་ཟེ (Francisco Cali Tzay) མཆོག་གིས་སྐད་ཡིག་ནི་མིའི་བསམ་བློ་གཏོང་ཚུལ་ཀྱི་མཚོན་རྟགས་རེད་ཅེས་གསུངས་ཡོད། དེ་ལྟར་ན་བོད་སྐད་ཡིག་ནི་བོད་མི་རིགས་ཀྱི་བསམ་བློ་གཏོང་ཚུལ་གྱི་མཚོན་རྟགས་ཡིན་པས་ང་ཚོས་རང་ཁྱིམ་ནས་དུས་རྒྱུན་དུ་བོད་སྐད་བཤད་དེ་བུ་ཕྲུག་གི་རྒྱུད་ལ་གོམས་གཤིས་ཡག་པོ་ཞིག་འཇོག་དགོས་པ་གལ་ཆེའོ།།

ཕྱི་རྒྱལ་དང་གྲོང་ཁྱེར་དུ་བཞུགས་པའི་བོད་པའི་གཞོན་སྐྱེས་མང་པོའི་ངག་ནས་བོད་སྐད་འབོར་གྱིན་པའི་རྒྱུ་རྐྱེན་གཅིག་ནི་ཕ་མས་བྱིས་པའི་ཁམས་དང་མོས་པ་ལྟར་གསོ་སྐྱོང་བྱེད་ཐུབ་ཀྱི་མེད་པ་དེ་རེད། ཐེངས་ཤིག་ལ་ཁྲོ་ཆུའི་དོན་འགྲུབ་དང་ང་ཚོས་བྱིས་པ་ཚོ་ཁྲིད་དེ་གླིང་ཀ་ཞིག་ཏུ་སོང་། གླིང་ཀ་དེར་བོད་པའི་ཕ་མ་མང་པོས་སྤྲོ་སྐྱིད་བཏང་ནས་བསྡད་འདུག ཁྲོ་ཆུའི་དོན་འགྲུབ་དང་ང་ཚོའི་བུ་ཕྲུག་ཚོས་ཕན་ཚུན་ལ་བོད་སྐད་བཤད་དེ་ཁ་བརྡ་བྱེད་བཞིན་པ་མཐོང་དུས་ཁོང་ཚོ་ཡ་མཚན་ཏེ། ང་ཚོའི་ཕྲུ་གུ་ཚོས་བོད་སྐད་རྩ་བ་ནས་བཤད་ཀྱི་མི་འདུག ཁྱེད་ཚོས་བུ་ཕྲུག་ལ་བོད་སྐད་ཇི་ལྟར་བསླབས་པ་ཡིན་ཞེས་དྲིས་བྱུང་། དེ་ནས་ང་ཚོས་དེར་ཡོད་པའི་བྱིས་པ་ཚང་མ་རུ་ཁག་གཉིས་སུ་བགོས་ཏེ། རྩེད་མོའི་ཁྲོད་དུ་འགྲན་བསྡུར་བྱེད་དུ་བཅུག་པ་ཡིན། ང་ཚོས་རྩེད་མོ་རྩེ་ཞོར་དུ་བྱིས་པ་ཚོ་ལ་བོད་སྐད་ཁོ་ན་བཤད་པ་ཡིན། བྱིས་པ་དེ་དག་གི་སེམས་ལ་དགའ་ཚོར་རྒྱས་ཏེ་ང་ཚོ་དང་ལྷན་དུ་བོད་སྐད་ཅི་ཐུབ་བཤད་ཀྱི་འདུག  གནས་ཚུལ་དེ་ཕ་མ་དེ་དག་གིས་མཐོང་སྟེ་ཡང་བསྐྱར་ཧང་སང་འདུག རྒྱུ་རྐྱེན་གཞན་ཞིག་ནི་ང་ཚོ་ཁ་བཤད་ཚིག་ལ་མི་གནས་པ་དེ་རེད། དཔེར་ན། སྔོན་ཆད་ཅིག་ལ་བོད་ཡིག་དགེ་རྒན་ཞིག་གིས་ཁོ་ནི་བོད་སྐད་ཡིག་སྲུང་སྐྱོབ་ཀྱི་ཆེད་དུ་འཐབ་འཛིང་ལ་ཞུགས་པའི་འཐབ་རྭའི་ནང་གི་འཐབ་མོ་བ་ཞིག་ཡིན་ཟེར། ཟླ་བ་འགའི་རྗེས་སུ་ང་ཚོ་ཁོ་ཚང་དུ་མགྲོན་དུ་སོང་དུས་ཁོ་དང་ཁོའི་ནང་མི་ཚོའི་བར་དུ་བོད་སྐད་བཤད་ཀྱི་མི་འདུག ཁོ་ཚོས་མི་རིགས་གཞན་གྱི་སྐད་བཤད་དེ་ཁ་བརྡ་བྱེད་ཀྱི་འདུག ཁོ་ཚང་ལ་བུ་མོ་ཞིག་ཡོད་པ་དེའི་བོད་སྐད་བཤད་ཤེས་ཀྱི་མི་འདུག ངའི་སེམས་ལ་ཅི་བཤད་ལ་མ་ཉན། ཅི་བྱེད་ལ་ལྟོས། ཞེས་པའི་བོད་པའི་གཏམ་དཔེ་དེ་ཅི་མ་བདེན་བསམ་བྱུང་། རྒྱུ་རྐྱེན་གཞན་ཞིག་ནི་ནམ་རྒྱུན་མང་ཚོགས་ལ་བོད་སྐད་ཡིག་རྒྱུན་འཛིན་བྱེད་དགོས་པའི་སྐོར་ལ་བཀའ་སློབ་གནང་མཁན་གྱི་གང་ཟག་མིང་ཆེན་དང་དབང་ཆེན་མང་པོས་རང་ཉིད་ཀྱི་བུ་ཕྲུག་རྣམས་བོད་སྐད་ཡིག་གི་སྒྲ་མི་ཐོས་པའི་ཕྱི་རྒྱལ་གྱི་སློབ་གྲྭ་དག་ལ་བསྐྱལ་དང་སྐྱེལ་བཞིན་ཡོད་པ་དེ་རེད། དེ་ལ་ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིག་པ་ཟེར་བ་མ་ཡིན་ནམ། ཡང་བོད་མི་རེ་ཟུང་གིས་བོད་སྐད་ཡིག་གི་ལས་དབང་དེ་སྲིད་དོན་གྱི་ལག་ཆ་ཁོ་ནར་བརྩིས་ཏེ་ལག་ལེན་སྟེང་ནས་བདག་གཅེས་བྱེད་ཀྱི་མེད། དེ་དག་ལ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ཆེན་མོའི་ནང་དུ། ལུས་ཀྱིས་འདི་དག་སྤྱད་པར་བྱ།། ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ།།སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།། ནད་པ་དག་ལ་ཕན་འགྱུར་རམ་ཞེས་གསུངས་ཡོད།། ཨ་རིའི་སྤྱི་ཚོགས་གསར་རྗེ་བ་དང་བྲན་གཡོག་ལམ་ལུགས་ལ་ངོ་རྒོལ་གཏོང་མཁན་གྲགས་ཅན་སྐུ་ཞབས་ཧྥེ་སྒྲི་རེ་ཁུ་སྒྲི་རྒི་ལེ་སུ་(Frederick Douglass) མཆོག་གིས་བྱིས་པའི་དུས་སུ་སྟོབས་ནུས་ཅན་ཞིག་བཟོ་རྒྱུ་ལས་སླ་བ་ལས། ཆག་གྲུམ་ཤོར་བའི་དར་མ་ཞིག་ལ་བཟོ་བཅོས་བྱེད་རྒྱུ་དཀའ་ཞེས་གསུངས་པ་ལྟར། ང་ཚོས་བུ་ཕྲུག་ཆུང་ངུའི་དུས་སུ་ཁོར་ཡུག་ནས་བོད་སྐད་བཤད་དེ་གོམས་གཤིས་འཇགས་སུ་འཇུག་དགོས་པ་ལས། དར་མའི་སྐབས་སུ་བོད་སྐད་བཤད་དགོས་ཞེས་གནོན་ཤུགས་སྤྲད་ཀྱང་བུ་ཕྲུག་གི་གོམས་གཤིས་ལ་བཟོ་བཅོས་བྱེད་དཀའ་བར་སེམས་སོ།།

མཁན་པོ་ཚུལ་ཁྲིམས་བློ་གྲོས་ཚང་གིས་ནད་ཡམས་ཀྱིས་མི་གསོད་པ་ལས་མི་རིགས་མི་གསོད། སྐད་ཡིག་བརླག་ན་མི་རིགས་གསོད་པ་ལས་མི་མི་གསོད་ཅེས་གསུངས་པ་ལྟར། བོད་སྐད་བཤད་མ་ཤེས་ན། བོད་ཡིག་ཀློག་མི་ཤེས། བོད་ཡིག་ཀློག་མ་ཤེས་ན། བོད་ཀྱི་ཆོས་དང་རིག་གནས་ལ་སློབ་སྦྱོང་བྱེད་མི་ཐུབ། བོད་པའི་ཆོས་དང་རིག་གནས་མ་ཤེས་ན། བོད་པའི་འཇིག་རྟེན་ལྟ་ཚུལ་དང་མཛེས་དཔྱོད་ཀྱི་ལྟ་བ་མེད། སྐབས་དེ་བོད་པ་ཡིན་པའི་འདུ་ཤེས་དེ་ཡང་གནས་མི་ཐུབ་པར་བོད་པའི་རུས་རྒྱུད་ཅིག་ཡིན་པའི་གཏམ་རྒྱུད་ཙམ་དུ་འགྱུར་མི་འགྲོ་བའི་ངེས་པ་མེད།སྐད་ཡིག་རིག་གནས་འཇིག་སོང་དུས་མི་རིགས་འཇིག་འགྲོ་བའི་དཔེ་མཚོན་ཞིག་ནི་རྒྱ་ནག་ལ་མི་ལོ་༢༦༨ ཀྱི་རིང་ལ་དབང་བསྒྱུར་བྱེད་མྱོང་བའི་མན་ཇུའི་མི་རིགས་དེ་ཧན་མི་རིགས་ཀྱི་ནང་དུ་འཐིམ་སོང་བའི་ལོ་རྒྱུས་ལ་སོགས་པའི་ལོ་རྒྱུས་མང་པོ་ཡོད། བོད་སྐད་བཤད་མ་ཤེས་ན།བོད་ཡུལ་དུ་འགྲོ་འདོད་མེད། བོད་ཡུལ་དུ་སོང་ནའང་སྐད་བསྒྱུར་དགོས། སྐད་བསྒྱུར་མེད་ན་བོད་སྐད་ཁོ་ན་བཤད་མཁན་གྱི་བོད་མི་རྣམས་ལ་འབྲེལ་འདྲིས་བྱེད་མི་ཐུབ། བོད་སྐད་བཤད་སའི་ཁོར་ཡུག་དུ་སོང་དུས་དོག་སྣང་དང་འཚེར་སྣང་གིས་སེམས་ལྷོད་ལ་གནས་མི་ཐུབ། བོད་སྐད་བཤད་མཁན་ཚོས་གྲལ་དུ་ཉམས་དམའ་ཞིང་ངོ་ཚ་དགོས་པ་ཡིན། ཡང་བོད་མི་རེ་ཟུང་གིས་བོད་པ་ཡིན་ན་བོད་སྐད་བཤད་དགོས་རེད་ཟེར་བ་དང་། བོད་སྐད་ཙམ་བཤད་ཤེས་ཀྱི་མི་འདུག་ཅེས་མཐོང་ཆུང་དང་དམའ་འབེབས། འཕྱ་སྨོད་ལ་སོགས་པའང་འཁུར་དགོས་པ་ཡིན། དེས་ན་ཕ་མས་བུ་ཕྲུག་ལ་ནམ་རྒྱུན་བོད་སྐད་བཤད་དགོས་པ་དང་བོད་སྐད་བཤད་སའི་ཁོར་ཡུག་རང་ཁྱིམ་དུ་བསྐྲུན་དགོས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོ་མཆོག་གིས་ངས་རྒྱ་སྐད་བཤད་ཤེས་པ་ནི་ངའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ངའི་ཞབས་འདྲེན་ཡིན་པས། ང་རང་ངོ་ཚ་དགོས་པ་ཞིག་རེད་ཅེས་གསུངས་ཡོད་པ་ལྟར། ང་ཚོ་ཕ་མ་ཚོས་བུ་ཕྲུག་ལ་མི་རིགས་གཞན་འགྱུར་གྱི་སློབ་གསོའི་ཤུགས་རྐྱེན་ཐེབས་སུ་མི་འཇུག་པར་བོད་སྐད་ཡིག་གི་རྨང་གཞིའི་སྟེང་དུ་གནའ་དེང་ཟུང་འབྲེལ་གྱི་སློབ་གསོ་སྤྲོད་རྒྱུ་གལ་ཆེའོ།།

མདོར་ན་དཔལ་ཡོན་འཕེལ་རྒྱས་སུ་སོང་བ་དང་འགྲོ་བཞིན་པའི་རྒྱལ་ཁབ་དག་ཏུ་གནས་པའི་མི་རྣམས་ཀྱིས་བྱ་བའི་བྲེལ་ཟིང་ཁྲོད་དུའང་།བྱིས་པ་དཀྱིལ་སྙིང་དུ་བཞག་སྟེ་བྱིས་པའི་རྨང་གཞིའི་སློབ་གསོ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ཡིན་ནའང་རྒྱལ་ཁབ་དེ་དག་གི་ནང་དུ་གཞིས་ཆགས་ནས་ལོ་ཤེས་ལས་མ་སོང་བའི་གྲངས་ཉུང་མི་རིགས་དག་ནི་འཚོ་བའི་དགོས་མཁོ་དང་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་ཏུ་བྱིས་པ་གསོ་སྐྱོང་གི་ལས་དོན་འཐུས་ཤོར་དུ་བཏང་དང་གཏོང་བཞིན་ཡོད། ང་ཚོ་བོད་པ་ཚོས་ཀྱང་འཚོ་བའི་དགོས་མཁོ་སྣ་ཚོགས་ཀྱི་དབང་གིས་བུ་ཕྲུག་གསོ་སྐྱོང་གི་ལས་དོན་ལ་འཐུས་ཤོར་དུ་བཏང་དང་གཏོང་བཞིན་ཡོད། དཔེར་ན་དུས་རབས་འདིའི་ནང་དུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་བའི་བོད་པའི་གཞོན་སྐྱེས་ཚོའི་ཁྲོད་དུ་བོད་སྐད་ཡག་པོ་བཤད་ཐུབ་མཁན་ཧ་ཅང་ཉུང་ཉུང་ཡིན་པ་དེ་རེད། དེས་ན་ང་ཚོ་ཚང་མས་ལག་པ་བྲང་ལ་བཞག་སྟེ་རང་དོན་རང་གཅེས་ཀྱི་ལས་དོན་ལ་ཞུགས་ཏེ་ལག་ལེན་སྟེང་ནས་བོད་སྐད་ཡིག་བདག་གཅེས་བྱེད་དགོས་པར་འདོད་དོ།།

 

 
 

 

Topic: སྐད་ཡིག་རྒྱུན་འཛིན་གྱི་འགོག་རྐྱེན་དང་དེའི་མཇུག་འབྲས།

No comments found.

New comment