སྤྱང་གྲུང་འཛོམས་པའི་ནགས་བྱི།

༄༅།། བློ་རིག་རྒོད་པའི་ནགས་བྱི་ཆུང་ཆུང་ཞིག་ནགས་ཚལ་སྟུག་པོ་ཞིག་གི་ནང་དུ་ཤིང་ཏོག་གི་འབྲས་བུ་འཚོལ་དུ་སོང་བའི་ལམ་བར་དུ། ཝ་མོ་ཞིག་གིས་མཐོང་ནས་སེམས་ལ། ནགས་བྱི་ཆུང་ཆུང་དེ་ཇི་འདྲིའི་ཞིམ་མདོག་ལ་བསམ་སྟེ། ནགས་བྱི་ཆུང་ཆུང་དེའི་མདུན་བཀག་ནས། ཨ་རོགས་ནགས་བྱི་ཆུང་ཆུང་། ཁྱོད་གང་དུ་འགྲོ་འམ། ངའི་ནང་ལ་ཤོག་དང་ཟ་མ་ཞིམ་པོ་མང་བོ་བཟའ་རྒྱུ་ཡོད་ཞེས་བཤད།

ནགས་བྱི་ཆུང་ཆུང་དེའི་སེམས་ལ། ཝ་མོས་གཡོ་རྒྱུ་བྱེད་ཀྱིན་པ་ཐག་ཆོད་བསམ་སྟེ་ན་རེ། ཨ་ཅེ་ཝ་མོས་ང་ལ་འདི་འདྲིའི་སེམས་བཟང་གནང་བ་ལ་བཀའ་དྲིན་ཆེ། ཡིན་ཡང་། ང་ཨ་བ་གླང་མགོ་དང་ལྷན་དུ་ཉིན་གོང་གི་ཟ་མ་བཟའ་རུ་འགྲོ་མཁན་ཡིན་ཞེས་སྐྱག་རྫུན་བཤད། ཝ་མོ་ན་རེ། ཨ་བ་གླང་མགོ་ལབ་ན་སུ་རེད་ཅེས་ཡ་མཚན་མདོག་གིས་དྲིས།

ནགས་བྱི་ཆུང་ཆུང་དེས་མགོ་བོ་གཡུག་ཞོར་དུ། ཨ་ཅེ་ཝ་མོས་ཨ་བ་གླང་མགོ་མི་ཤེས་པ་ནི་ཡ་མཚན་རེད། ཁོང་ནི་ལུས་སྟོབས་ཆེ་ལ་འཇིགས་སུ་རུང་བ། ཁ་ན་མདོག་མི་སྡུག་པའི་མཆེ་བ་རིང་པོ་གཉིས་ཡོད་པ། སོ་ཐ་ཐོར་ལས་མེད་པ། ལག་པའི་སྡེར་མོ་རྣམས་མདོག་ཉེས་པ་ཞེས་བཤད་མཚམས་དེར་ཝ་མོ་སྐྲག་ཏེ། ནགས་བྱི་ཆུང་ཆུང་ད་བཤད་མི་དགོས། འགྲིག་སོང་ཞེས་ལབ་ཤོར་དུ། ཁྱོད་ཨ་བ་གླང་མགོར་གང་དུ་ཐུག་རྒྱུ་བྱས་ཡོད་ཅེས་དྲིས། ནགས་བྱི་ཆུང་ཆུང་གིས་ཝ་མོ་སྐྲག་ནས་འདར་གྱིན་པ་མཐོང་སྟེ། མདུན་དུ་ཡོད་པའི་ཕ་བོང་དེར་མཛུབ་མོ་བཙུགས་ཏེ། རྡོ་འདིའི་འགྲམ་ནས་ཐུག་རྒྱུ་བྱས་ཡོད་ཅེས་ལན་བཏབ་པ་དང་། ཨ་བ་གླང་མགོ་ཆེས་དགའ་བའི་ཟས་ནི་ཝ་ཤ་སྲེག་མ་རེད་ཅེས་འཇིགས་སྐུལ་བ་ན། ཝ་མོ་སྐྲག་ཐག་ཆོད་དེ། ག་རེ་ལབ་གྱི་ཡོད། ཝ་ཤ་སྲེག་མ། ཝ་ཤ་སྲེག་མ་ལབ་གྱི་ཡོད་དམ། དེ་ན་ང་འགྲོ་རྒྱུ་ཡིན། བྱི་བ་ཆུང་ཆུང་ཁྱོད་བདེ་མོ་བྱོས་ཨ་ཞེས་བཤད་ཞོར་དུ་མར་ཁུང་བུའི་ནང་དུ་རུབ་སེ་འཛུལ་སོང་།

ནགས་བྱི་ཆུང་ཆུང་དེས་འཁོང་དགོད་བྱེད་ཞོར་དུ། ཝ་མོ་གླེན་མ་འདིས་ཨ་བ་གླང་མགོ་ཟེར་བ་ཞིག་མེད་པའང་ཤེས་ཀྱིན་མི་འདུག་ཅེས་ཁེར་བཤད་བྱེད་ཞོར་དུ་ནགས་ཚལ་སྟུག་པོ་དེའི་ནང་དུ་ཤིང་ཏོག་གི་འབྲས་བུ་འཚོལ་དུ་ཕྱིན །

 

༄༅།། དེ་ནས་ནགས་བྱི་ཆུང་ཆུང་དེ་ནགས་ཚལ་སྟུག་པོ་དེའི་ནང་དུ་ཆུ་མིག་ཞིག་ཡོད་པ་དེའི་ཁར་བརྒྱུད་ནས་སོང་བའི་ཚེ། འུག་པ་ཞིག་གིས་མཐོང་བ་དང་། སེམས་ལ། ནགས་བྱི་ཆུང་ཆུང་འདི་ཇི་འདྲའི་ཞིམ་མདོག་ལ་བསམ་སྟེ། ནགས་བྱི་ཆུང་ཆུང་གིའི་མདུན་བཀག་ནས་ན་རེ། ཨ་རོགས་ནགས་བྱི་ཆུང་ཆུང་། ཁྱོད་གང་དུ་འགྲོ་འམ། ངའི་ནང་ལ་ཤོག་དང་ཟས་ཞིམ་པོ་མང་བོ་བཟའ་རྒྱུ་ཡོད་ཞེས་བཤད།

ནགས་བྱི་ཆུང་ཆུང་དེའི་སེམས་ལ། འུག་པ་འདིས་གཡོ་རྒྱུ་བྱེད་ཀྱིན་ཡོད་པ་ཐག་ཆོད་བསམ་སྟེ་ན་རེ། ཨ་ཞང་འུག་པས་ང་ལ་འདི་འདྲིའི་སེམས་བཟང་གནང་བ་ལ་བཀའ་དྲིན་ཆེ། ཡིན་ཡང་། ང་ཨ་བ་གླང་མགོ་དང་ལྷན་དུ་ཉིན་གོང་གི་ཟ་མ་བཟའ་རུ་འགྲོ་མཁན་ཡིན་ཞེས་སྐྱག་རྫུན་བཤད། འུག་པ་ན་རེ། ཨ་བ་གླང་མགོ་ལབ་ན་སུ་རེད་ཅེས་ཡ་མཚན་མདོག་གིས་དྲིས།

ནགས་བྱི་ཆུང་ཆུང་དེས་མགོ་བོ་གཡུག་ཤཞོར་དུ། ཨ་ཞང་འུག་པས་ཨ་བ་གླང་མགོ་མི་ཤེས་པ་ནི་ཡ་མཚན་རེད། ཁོང་ནི་གཟུགས་སྟོབས་ཆེན་པོ། པུས་མོ་གཉིས་ཀྱི་མགོར་འབུར་རྡོག་རེ་རེ་ཡོད་པ། རྐང་བའི་སྡེར་མོ་རྣམས་ཐར་ཐར་དུ་ཡོད་པ། སྣ་མགོར་འཛེར་ཐོ་དུག་ཅན་ཞིག་ཡོད་པ་ཞེས་བཤད་མཚམས་སུ་འུག་པ་སྐྲག་ཏེ། ནགས་བྱི་ཆུང་ཆུང་ད་བཤད་མི་དགོས། འགྲིག་སོང་ཞེས་ལབ་ཞོར་དུ། ཁྱོད་ཨ་བ་གླང་མགོར་གང་དུ་ཐུག་རྒྱུ་བྱས་ཡོད་ཅེས་དྲིས། ནགས་བྱི་ཆུང་ཆུང་གིས་འུག་པ་སྐྲག་ནས་འདར་གྱིན་པ་མཐོང་སྟེ། མདུན་དུ་ཡོད་པའི་ཆུ་མིག་དེར་མཛུབ་མོ་བཙུགས་ཏེ། ཆུ་མིག་འདིའི་ཁ་ནས་ཐུག་རྒྱུ་བྱས་ཡོད་ཅེས་ལན་བཏབ་པ་དང། ཨ་བ་གླང་མགོ་ཆེས་དགའ་བའི་ཟ་མ་ནི་འུག་ཤ་ནུར་མོ་རེད་ཅེས་འཇིགས་སྐུལ་བ་ན། འུག་པ་སྐྲག་ཐག་ཆོད་དེ་ཁ་ནས། ག་རེ་ལབ་གྱི་ཡོད། འུག་ཤ་ནུར་མོ། དེ་ན་ང་འགྲོ་རྒྱུ་ཡིན། བྱི་བ་ཆུང་ཆུང་ཁྱོད་བདེ་མོ་བྱོས་ཨ་ཞེས་ཟེར་ཞོར་དུ་ཕུ་ཐག་ཐག་ཡར་ཤིང་སྡོང་གི་མགོར་འཕུར་སོང་།

ནགས་བྱི་ཆུང་ཆུང་གིས་འཁོང་དགོད་བྱེད་ཤོར་དུ། འུག་རྒན་གླེན་པ་འདིས་ཨ་བ་གླང་མགོ་ཟེར་བ་ཞིག་མེད་པའང་ཤེས་ཀྱིན་མི་འདུག་ཅེས་ཁེར་བཤད་བྱེད་ཞོར་དུ་ནགས་ཚལ་སྟུག་པོ་དེའི་ནང་དུ་ཤིང་ཏོག་གི་འབྲས་བུ་འཚོལ་དུ་ཕྱིན །

 

༄༅།། བློ་རིག་རྒོད་པའི་ནགས་བྱི་ཆུང་ཆུང་དེ་ནགས་ཚལ་སྟུག་པོ་དེའི་ནང་དུ་རྐང་ལམ་ཞིག་ཡོད་པ་དེ་བརྒྱུད་ནས་ཤིང་འབྲས་འཚོལ་དུ་འགྲོ་བཞིན་པའི་ཚེ། སྦྲུལ་ཞིག་གིས་མཐོང་བ་དང་། སེམས་ལ། ནགས་བྱི་ཆུང་ཆུང་འདི་ཇི་འདྲའི་ཞིམ་མདོག་ལ་བསམ་སྟེ། ནགས་བྱི་ཆུང་ཆུང་དེའི་མདུན་བཀག་ནས་ན་རེ། ཨ་རོགས་ནགས་བྱི་ཆུང་ཆུང་། ཁྱོད་གང་དུ་འགྲོ་འམ། ངའི་ནང་ལ་ཤོག་དང་ཟས་ཞིམ་པོ་མང་བོ་བཟའ་རྒྱུ་ཡོད་ཞེས་བཤད།

ནགས་བྱི་ཆུང་ཆུང་དེའི་སེམས་ལ། སྦྲུལ་འདིས་གཡོ་རྒྱུ་བྱེད་ཀྱིན་ཡོད་པ་ཐག་ཆོད་བསམ་སྟེ། ཨ་ནེ་སྦྲུལ་གྱིས་ང་ལ་འདི་འདྲིའི་སེམས་བཟང་གནང་བ་ལ་བཀའ་དྲིན་ཆེ། ཡིན་ཡང་། ང་ཨ་བ་གླང་མགོ་དང་ལྷན་དུ་ཉིན་གོང་གི་ཟ་མ་བཟའ་རུ་འགྲོ་མཁན་ཡིན་ཞེས་སྐྱག་རྫུན་བཤད། སྤྲུལ་ན་རེ། ཨ་བ་གླང་མགོ་ལབ་ན་སུ་རེད་ཅེས་ཡ་མཚན་མདོག་གིས་དྲིས།

ནགས་བྱི་ཆུང་ཆུང་གིས་མགོ་བོ་གཡུག་ཞོར་དུ། ཨ་ནེ་སྦྲུལ་གྱིས་ཨ་བ་གླང་མགོ་མི་ཤེས་པ་ནི་ཡ་མཚན་རེད། ཁོང་ནི་གཟུགས་སྟོབས་ཆེ་ལ། མིག་གཉིས་དམར་སེར་ཡིན་པ། ལྕེ་ནག་པོ་ཡིན་པ། རྒྱབ་ལ་ཤ་འཛེར་མང་བོའི་གང་ནས་ཡོད་པ་ཞེས་བཤད་མཚམས་སུ་སྦྲུལ་སྐྲག་སྟེ། ནགས་བྱི་ཆུང་ཆུང་ད་བཤད་མི་དགོས། འགྲིག་སོང་། ཁྱོད་ཨ་བ་གླང་མགོར་གང་དུ་ཐུག་རྒྱུ་བྱས་ཡོད་ཅེས་དྲིས། ནགས་བྱི་ཆུང་ཆུང་གིས་སྦྲུལ་སྐྲག་ནས་འདར་གྱིན་ཡོད་པ་མཐོང་སྟེ། མདུན་དུ་ཡོད་པའི་མཚེའུ་དེར་མཛུབ་མོ་བཙུགས་ཏེ། མཚེའུ་འདིའི་ཁ་ནས་ཐུག་རྒྱུ་བྱས་ཡོད་ཅེས་ལན་བཏབ་པ་དང། ཁོང་ཆེས་དགའ་བའི་ཟས་ནི་སྦྲུལ་ཤ་འཐག་མ་རེད་ཅེས་འཇིགས་སྐུལ་བ་ན། སྦྲུལ་དེ་སྐྲག་ཐག་ཆོད་དེ་ཁ་ནས། ཁྱོད་ཀྱིས་ག་རེ་ལབ་གྱི་ཡོིད། དེ་ན་ང་འགྲོ་རྒྱུ་ཡིན། བྱི་བ་ཆུང་ཆུང་ཁྱོད་བདེ་མོ་བཞུགས་ཨ་ཞེས་ཟེར་ཞོར་དུ་ཤག་ཤག་ཕར་རྩྭ་གསེང་ལ་འཛུལ་སོང་།

ནགས་བྱི་ཆུང་ཆུང་གིས་འཁོང་དགོད་བྱེད་ཞོར་དུ། སྦྲུལ་གླེན་མ་འདིས་ཨ་བ་གླང་མགོ་ཟེར་བ་ཞིག་མེད་པའང་ཤེས་ཀྱིན་མི་འདུག་ཅེས་ཁེར་བཤད་བྱེད་ཞོར་དུ་ནགས་ཚལ་སྟུག་པོ་དེའི་ནང་དུ་ཤིང་ཏོག་གི་འབྲས་བུ་འཚོལ་དུ་ཕྱིན །

 

༄༅།། དེ་ནས་བྱི་བ་ཆུང་ཆུང་དེ་ཁམ་བུ་འཚོལ་དུ་མདུན་ནས་མདུན་དུ་སྐྱོད་དེ་སོང་སོང་བའི་ཚེ་ན། ལུས་ཕུང་ཆེ་ལ་འཇིགས་སུ་རུང་བའི་སེམས་ཅན་ཞིག་གིས་མཐོང་བ་དང་། སེམས་ལ། ནགས་བྱི་ཆུང་ཆུང་འདི་ཇི་འདྲའི་ཞིམ་མདོག་ལ་བསམ་སྟེ། ནགས་བྱི་ཆུང་ཆུང་དེའི་མདུན་བཀག་ནས་ན་རེ། ཨ་རོགས་ནགས་བྱི་ཆུང་ཆུང་། ཁྱོད་གང་དུ་འགྲོ་འམ་ཞེས་དྲིས་པ་ན།

ནགས་བྱི་ཆུང་ཆུང་གིས་སེམས་ཅན་དེའི་གདོང་ལ་ཡར་བལྟས་པ་ན། དེ་ནི་ལུས་སྟོབས་ཆེ་ལ་འཇིགས་སུ་རུང་བ། ཁ་ན་མདོག་མི་སྡུག་པའི་མཆེ་བ་རིང་བོ་གཉིས་ཡོད་པ། སོ་ཐ་ཐོར་ལས་མེད་པ། ལག་པའི་སྡེར་མོ་རིང་ལ་མདོག་ཉེས་པ། པུས་མོ་གཉིས་ཀྱི་མགོར་འབུར་རྡོག་རེ་ཡོད་པ། རྐང་བའི་སྡེར་མོ་རྣམས་ཐར་ཐར་དུ་སྐྱེས་ཡོད་པ། སྣ་མགོར་འཛེར་ཐོ་དུག་ཅན་ཞིག་ཡོད་པ། མིག་གཉིས་དམར་སེར་ཡིན་པ། ལྕེ་ནག་པོ་ཡིན་པ། རྒྱབ་ལ་ཤ་འཛེར་མང་བོས་གཡོགས་པ་ཞིག་ཡིན་པ་མཐོང་དུས། ཧ་ཅང་སྐྲག་པ་དང་ཁ་ནས། དཀོན་མཆོག་གསུམ་པོ་མཁྱེན། ཨ་བ་གླང་མགོ་འདིར་བསླེབས་འདུག  ང་ལ་མགོན་སྐྱབས་གནང་རོགས། ང་ལ་མགོན་སྐྱབས་གནང་རོགས་ཞེས་སྐད་ངན་ཤོར།

ཨ་བ་གླང་མགོས་ང་ཆེས་དགའ་བའི་ཟ་མ་དེ་འདི་ན་འདུག་ཅེས་ཆིག་ལབ་རྒྱག་ཞོར་དུ། བྱི་བ་ཆུང་ཆུང་དེ་ཡར་ལག་ལ་ལེན་ཤོར་དུ་བྱི་བ་ཆུང་ཆུང་འདི་གོ་རེ་ཞིག་དང་ལྷན་དུ་ཟོས་ན་ཇི་འདྲིའི་ཞུམ་པ་ལ་ཟེར།

བྱི་བ་ཆུང་ཆུང་དེ་རིག་པ་ཤིན་ཏུ་རྣོ་བས། དེ་མ་ཐག་ཨ་བ་གླང་མགོའི་གདོང་ལ་ཕྱོགས་ཏེ། སྐད་ཤུགས་ཆེན་པོས། གླང་རྒན། ཁྱོད་ག་འདྲའི་སྤོབས་པ་ཆེ་བ་ལ། ང་ནི་ནགས་ཚལ་འདིའི་ནང་དུ་ཞེད་སྣང་ཆེས་ཆེ་བའི་སེམས་ཅན་དེ་ཡིན། གལ་ཏེ་ཁྱོད་ཀྱིས་ཡིད་མི་ཆེས་ན། ངའི་རྗེས་དེད་ལ་ཤོག་དང་། ང་ག་འདྲ་ཞིག་ཡོད་པ་ཁྱོད་ཀྱིས་ཤེས་ཐུབ་ཀྱི་རེད། ནགས་ཚལ་འདིའི་ནང་དུ་ང་ལ་མི་སྐྲག་པའི་སེམས་ཅན་གཅིག་ཀྱང་ཡོད་པ་མ་རེད་ཅེས་བཤད། ཨ་བ་གླང་མགོ་དགོད་ཤོར་དུ། ཡ་ཡ། ཆོག་གི་ཆོག་གི  ཁྱོད་སྔོན་ལ་སོང་དང་། ངས་ཁྱོད་ཀྱི་རྗེས་འདེད་ཡོང་ཞེས་ནགས་བྱི་ཆུང་ཆུང་གི་རྗེས་དེད་ནས་ཕྱིར་ནགས་ཚལ་ནང་ལ་སོང་།

༄༅།། དེ་ནས་ཨ་བ་གླང་མགོས་བྱི་བ་ཆུང་ཆུང་དེའི་རྗེས་དེད་དེ་མདུན་ནས་མདུན་དུ་བསྐྱོད་བཞིན་པ་ན། ཨ་བ་གླང་མགོ་ན་རེ། ཨ་རོགས་བྱི་བ་ཆུང་ཆུང། མདུན་གྱི་ཤིང་གསེང་ནས་ཤག་སྒྲ་ཞིག་གྲགས་ཀྱིན་འདུག་ཅེས་ལབ། བྱི་བ་ཆུང་ཆུང་ན་རེ། འོ། དེ་ཡོད་ན་ཡོད། ཁྱོད་སྐྲག་དགོས་མ་རེད། དེ་ནི་སྦྲུལ་ངན་མ་ཞིག་རེད་ཟེར་ཞོར་དུ། སྐད་གསེང་ཆེན་པོས། ཨ་རོགས་སྦྲུལ་ངན་མ་ཞེས་བོས། སྦྲུལ་དེས་ཤིང་གསེང་ནས་ཨ་བ་གླིང་མགོ་མཐོང་བ་དང་། ཁ་ནས་རང་དབང་མེད་པར། དཀོན་མཆོག་གསུམ་པོ་མཁྱེན་ཞེས་སྐད་ངན་ཤོར་བ་དང་། དེ་ནས་ཕར་ཤིང་གསེང་ལ་ནུར་ཞོར་དུ། བྱི་བ་ཆུང་ཆུང་ལགས། ཁྱོད་བདེ་མོ་བྱོས་ཞེས་བརྗོད།

 

བྱི་བ་ཆུང་ཆུང་གི་ཁ་ཕྱིར་ཨ་བ་གླང་མགོར་ཕྱོགས་ཏེ། ཨ་རོགས། ངས་ཁྱེད་ལ་བཤད་སོང་ཨ། ལྟོས་དང་། ག་འདྲ་འདུག་ཞེས་དྲིས། ཨ་བ་གླང་མགོ་ན་རེ། དངོས་གནས་ཡ་མཚན་རེད་ཅེས་ལན་བཏབ།

༄༅།། དེ་ནས་ཨ་བ་གླང་མགོས་བྱི་བ་ཆུང་ཆུང་གི་རྗེས་མུ་མཐུད་དུ་དེད་དེ་མདུན་ནས་མདུན་དུ་བསྐྱོད་བཞིན་ཡོད་དུས། ཨ་བ་གླང་མགོ་ན་རེ། ཨ་རོགས་བྱི་བ་ཆུང་ཆུང། མདུན་ཀྱི་སྡོང་མགོ་ནས་སྒྲ་ཞིག་གྲགས་ཀྱིན་འདུག་ཟེར་བ་ན། བྱི་བ་ཆུང་ཆུང་ན་རེ། འོ། དེ་ཡོད་ན་ཡོད། ཁྱོད་སྐྲག་དགོས་པ་མ་རེད། དེ་ནི་འུག་རྒན་ཞིག་རེད་ཟེར་ཞོར་དུ། སྐད་གསེང་ཆེན་པོས། ཨ་རོགས་འུག་རྒན་ཞེས་བོས། འུག་པ་དེས་སྡོང་མགོ་ནས་ཨ་བ་གླིང་མགོ་མཐོང་བ་དང་། སྐྲག་ཐག་ཆོད་དེ། ཁ་ནས་རང་དབང་མེད་པར། དཀོན་མཆོག་གསུམ་པོ་མཁྱེན་ཞེས་སྐད་ངན་ཤོར་བ་དང་། དེ་ནས་ཡར་སྡོང་མགོ་རུ་འཕུར་ཞོར་དུ། བྱི་བ་ཆུང་ཆུང་ལགས། ཁྱོད་བདེ་མོ་བྱོས་ཞེས་ཚང་དུ་བྲོས་སོང་།

བྱི་བ་ཆུང་ཆུང་གི་ཁ་ཕྱིར་ཨ་བ་གླང་མགོར་ཕྱོགས་ཏེ། ཨ་རོགས། ངས་ཁྱེད་ལ་བཤད་སོང་ཨ། ལྟོས་དང་། ག་འདྲ་འདུག་ཞེས་དྲིས། ཨ་བ་གླང་མགོ་ན་རེ། དངོས་གནས་ཡ་མཚན་རེད་ཅེས་ལན་བཏབ།

༄༅།། དེ་ནས་ཨ་བ་གླང་མགོས་བྱི་བ་ཆུང་ཆུང་གི་རྗེས་དེད་དེ་མུ་མཐུད་མདུན་ལ་བསྐྱོད་བཞིན་པ་ན། ཨ་བ་གླང་མགོ་ན་རེ། མདུན་ཕྱོགས་ཀྱི་བྲག་རྡོ་དེའི་རྒྱབ་ལོག་ནས་རྐང་སྒྲ་ཞིག་གྲགས་ཀྱིན་འདུག་ཟེར། བྱི་བ་ཆུང་ཆུང་ན་རེ། འོ། དེ་ཡོད་ན་ཡོད། ཁྱོད་སྐྲག་དགོས་མ་རེད། དེ་ནི་ཝ་ངན་མ་ཞིག་རེད་ཟེར་ཞོར་དུ། སྐད་གསེང་ཆེན་པོས། ཨ་རོགས་ཝ་ངན་མ་ཞེས་བོས། ཝ་མོ་དེས་ཨ་བ་གླིང་མགོ་མཐོང་བ་དང་། ཁ་ནས་རང་དབང་མེད་པར། དཀོན་མཆོག་གསུམ་པོ་མཁྱེན་ཞེས་སྐད་ངན་ཤོར་བ་དང་། དེ་ནས་མར་ཁུང་བུའི་ནང་དུ་འཛུལ་ཞོར་དུ། བྱི་བ་ཆུང་ཆུང་ལགས། ཁྱོད་བདེ་མོ་བྱོས་ཟེར།

བྱི་བ་ཆུང་ཆུང་གི་ཁ་ཕྱིར་ཨ་བ་གླང་མགོར་ཕྱོགས་ཏེ། ཨ་རོགས། ངས་ཁྱེད་ལ་བཤད་སོང་ཨ། ལྟོས་དང་། ག་འདྲ་འདུག་ཞེས་དྲིས། ཨ་བ་གླང་མགོ་ན་རེ། དངོས་གནས་ཡ་མཚན་རེད་ཅེས་ལན་བཏབ།

དེ་ནས་བྱི་བ་ཆུང་ཆུང་གིས་རང་གི་མཆུ་ལྕེ་ཡིས་ལྡག་ཞོར་དུ། ཡ་གླང་རྒན། ང་ལ་མི་སྐྲག་པའི་སེམས་ཅན་ཞིག་ནགས་ཚལ་འདིའི་ནང་དུ་འདུག་གམ། ད་ང་ལྟོགས་ནས་བཟོད་ཀྱི་མི་འདུག ང་ཆེས་དགའ་བའི་ཟ་མ་ནི། གླང་ཤ་རློན་པ་རེད་ཅེས་ལབ། ཨ་བ་གླང་མགོས་སྐད་ཆ་དེ་ཐོས་པ་ན། སྐྲག་ཐག་ཆོད་དེ་ཁ་ནས། ཁྱོད་ཀྱིས་ག་རེ་ལབ་གྱི་ཡོད། གླང་ཤ་རློན་པ་ཟེར་རམ་ཞེས་ཁ་ཕྱིར་འཁོར་ཏེ་རྒྱུག་མ་འདུར་གྱིས་བྲོས་སོང་ངོ།

དེ་ནས་བྱི་པ་ཆུང་ཆུང་དེས། ཁ་ཁུ་སིམ་པའི་ཤིང་ནགས་ཀྱི་ཁོར་ཡུག་ནས་ཤིང་འབྲས་ཆེན་པོ་ཞིག་གིས་བྲོ་བར་རོལ་ཞོར་དུ་སྐྱིད་པོ་བྱས་ནས་བསྡད་པ་རེད།

 

མཁས་གྲུབ་གྱིས་བསྒྱུར་བ་དང་ལྕགས་མོ་འཚོས་ལེགས་བཅོས་བྱས།

གཡག་རྒོད་དྲ་ཚིགས་ཀྱི་ཆོག་མཆན་མེད་པར་བྱིས་སྒྲུང་འདི་གཞན་ལ་བརྒྱུད་འགོད་བྱེད་མི་ཆོག