སྦྲུམ་མའི་ལུས་སེམས་ཞི་བར་གནས་པའི་ཐབས་ལམ།

སྦྲུམ་མའི་ལུས་སེམས་ཞི་བར་གནས་པའི་ཐབས་ལམ།

སྦྲུམ་མའི་ལུས་སེམས་ཞི་བར་གནས་པའི་ཐབས་ལམ།

 

བྱིས་པའི་བདེ་ཐང་ལ་གཙིགས་ཆེན་བྱེད་པའི་ནུབ་ཕྱོགས་ཀྱི་ཕ་མ་ཚོས་ཆུང་མའི་ལུས་ལ་མངལ་མ་སྦྲུམ་པའི་སྔ་རོལ་ནས་སྨན་ཁང་ཚད་ལྡན་དུ་སོང་སྟེ་ཁྱོ་ཤུག་གཉིས་ཀྱི་ཁུ་ཁྲག་ལ་སྐྱོན་ཡོད་མེད་དང་ལུས་ཕུང་ལ་ནད་ཡོད་མེད་སོགས་ཀྱི་སྐོར་ལ་བརྟག་དཔྱད་བྱེད་ཀྱི་ཡོད། ཆུང་མའི་ལུས་ལ་མངལ་སྦྲུམ་དུས་ཁྱིམ་ཚང་གི་འཚོ་བ་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་རྒྱུ་ཡིན་པ་ཁོ་ཚོས་ཤེས་ཀྱི་ཡོད། དེར་བརྟེན་ཁོ་ཚོས་བྱིས་པ་མངལ་གནས་ཀྱི་སློབ་གསོ་ལ་སོགས་པའི་བྱིས་སྐྱོང་སྐོར་ལ་དོ་སྣང་ཆེན་པོ་སྤྲོད་ཀྱི་ཡོད་པ་རེད། ཕ་མ་མང་པོས་དཔེ་ཀློག་དང་དྲ་ལམ་བརྒྱུད་དེ་བྱིས་སྐྱོང་སྐོར་ལ་སློབ་སྦྱོང་བྱེད་པ་དང་། ཕ་མ་ལ་ལས་ཆེད་དུ་སློབ་ཚན་ལེན་གྱི་ཡོད། ཕ་མ་ལ་ལ་ཟབ་སྦྱོང་ལ་སོང་སྟེ་སློབ་སྦྱོང་བྱེད་པ་དང་ཆུང་མ་ལ་མངལ་སྦྲུམ་པའི་དུས་ཚོད་བསྒུག་བཞིན་ཡོད། དེ་ལྟར་ན་ང་ཚོ་བོད་པའི་ཕ་མ་ཚོས་ཀྱང་ཆུང་མ་ལ་མངལ་མ་སྦྲུམ་པའི་སྔ་རོལ་ནས་ཟས་དང་སྤྱོད་ལམ་བསྟེན་སྟངས་ལ་སོགས་པའི་སྦྲུམ་མའི་སློབ་གསོའི་རྒྱུན་ཤེས་སྐོར་ལ་ཤེས་རྟོགས་བྱས་ཏེ་གྲ་སྒྲིག་བྱེད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་དང་། ནད་མེད་བདེ་ཐང་ཅན་གྱི་བྱིས་པ་གཤིས་བཟང་རིག་ཡག་ཅིག་སྐྱེས་པ་ཡིན་ན་ཁྱིམ་མི་ཚང་མའི་བདེ་སྐྱིད་ཡིན། དེས་ན་ཁྱིམ་མི་ཚང་མས་མ་བུ་གཉིས་ཀྱི་བདེ་ཐང་གི་ཆེད་དུ་ལུས་ལ་མངལ་སྦྲུམ་ཡོད་པའི་ཆུང་མའི་ལུས་སེམས་ལ་བདག་གཅེས་ཡག་པོ་བྱེད་དགོས་པ་ཤེས་དགོས་སོ།།   

 

བྱིས་པ་མངལ་གནས་ཀྱི་དུས་སྐབས་དེ་ནི་མངལ་ལྡན་ཆུང་མ་དང་མངལ་གནས་བྱིས་པ་གཉིས་ཀྱི་སེམས་ཁམས་ཀྱི་འགྲུལ་བཞུད་ཅིག་ཡིན་ཞིང་། ཆུང་མ་ལ་མཚོན་ན་དགའ་སྐྱོ་ཟུང་འབྲེལ་གྱི་ཉམས་མྱོང་གི་བརྒྱུད་རིམ་ཞིག་ཀྱང་ཡིན། ཆུང་མའི་མངལ་དུ་ཕྲུ་གུ་ཞེས་པའི་ཚེ་སྲོག་གསར་བ་ཞིག་ཞུགས་པའི་སྐབས་སུ་ཁོ་མོའི་ལུས་སེམས་ལ་འགྱུར་ལྡོག་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང་། ཁོ་མོའི་མངལ་དུ་གནས་པའི་ཚེ་སྲོག་ཆུང་ཆུང་དེ་ཁོ་མོའི་དབུགས་རྒྱུན་ལ་བརྟེན་ཏེ་དབུགས་འབྱིན་རྔུབ་བྱས་ཏེ་འཚོ་གནས་ཐུབ་ཀྱི་ཡོད་པར་བཤད། ཆུང་མས་བསྟེན་པའི་བཟའ་བཏུང་གི་འཚོ་བཅུད་ལས་མངལ་གནས་ཀྱི་ཚེ་སྲོག་ཆུང་ཆུང་དེའི་ལུས་ཕུང་ལ་འཕེལ་འགྱུར་འགྲོ་གི་ཡོད་པར་བརྗོད། དེར་བརྟེན་བུད་མེད་ལ་མངལ་སྦྲུམ་པའི་སྐབས་སུ་བུད་མེད་ཀྱི་ལུས་སེམས་ཀྱི་འགྱུར་ལྡོག་ལ་སྣང་ཆུང་མི་གཏོང་བར་བདག་གཅེས་ཡག་པོ་བྱེད་དགོས། གལ་སྲིད་མངལ་ལྡན་བུད་མེད་ཀྱི་ལུས་སེམས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་བདག་གཅེས་ཚད་དང་ལྡན་པ་ཞིག་བྱེད་ཐུབ་པ་ཡིན་ན། ལུས་སེམས་བདེ་ཐང་ཅན་གྱི་བྱིས་པ་ཞིག་བདེ་ལེགས་སུ་སྐྱེ་ཐུབ་པ་ཡིན། མངལ་ལྡན་བུད་མེད་ཀྱི་མངལ་ཆེ་རུ་སོང་བའི་སྐབས་སུ་ཁོ་མོའི་ལུས་ལ་འཚམ་པའི་གྱོན་གོས་ཆེན་པོ་དང་འཇམ་པོ་གྱོན་དུ་འཇུག་དགོས་པ་ཡིན། དེ་ལྟར་བྱས་ན་ཁོ་མོའི་ལུས་ལ་འཕྲོད་ཀྱང་སེམས་ཁམས་སྐྱིད་པར་ཕན། བུད་མེད་ལ་མངལ་ལྕི་བའི་སྐབས་སུ་རྐང་བ་སྐྲངས་པ་དང་པགས་པ་སྐམ་པ་ལ་སོགས་པའི་དཀའ་ངལ་མང་པོ་ཡོད་པར་བཤད་པས། ཁོ་མོས་ངལ་གསོ་བྱེད་ཐུབ་ན་བཟང་བར་བཤད། ཁོ་མོའི་ལུས་ཀྱི་བདེ་ཐང་ལ་འགྱུར་ལྡོག་གློ་བུར་དུ་སོང་བའི་ཚེ་སྨན་ཁང་དུ་འཁྲིད་དགོས་ཤིང་། སྨན་པའི་མཛུབ་སྟོན་ལྟར་ཁོ་མོར་རོགས་རམ་དང་བདག་གཅེས་བྱེད་དགོས། མ་གཞི་ནས་བྱིས་པ་མངལ་གནས་ཀྱི་སྐབས་སུ་སྨན་ཁང་ལ་ཟླ་བ་འགའ་རེའི་ནང་དུ་སོང་སྟེ་བརྟག་དཔྱད་བྱེད་རྒྱུ་གལ་ཆེའོ།། 

 

ལུས་བདེ་ན་སེམས་སྐྱིད། སེམས་སྐྱིད་ན་ལུས་བདེ་ཟེར་བ་ལྟར། ལུས་སེམས་གཉིས་ཀྱི་བདེ་ཐང་གཅིག་ལ་གཅིག་བརྟེན་ཡིན་དུས། བུད་མེད་ཀྱི་ལུས་ལ་མངལ་སྦྲུམ་པའི་སྐབས་སུ་ཁོ་མོའི་ལུས་ཕུང་ལ་བདག་གཅེས་བྱེད་པ་ཙམ་གྱིས་མི་འགྲིག་པར་ཁོ་མོའི་སེམས་ཁམས་ལའང་བདག་གཅེས་བྱེད་རྒྱུ་ཤིན་ཏུ་གལ་ཆེ། མངལ་སྦྲུམ་པའི་བུད་མེད་ཀྱི་སེམས་ཁམས་ལ་དཀའ་ངལ་འཕྲད་དེ་སེམས་འཁྲུག་པའི་སྐབས་སུ་ཞི་འཇམ་དང་སྤྲོ་སྣང་ཅན་གྱི་བྱེད་ཐབས་སྤྱད་དེ་ཁོ་མོའི་སེམས་ལྷོད་ལ་གནས་སུ་འཇུག་དགོས། བུད་མེད་ལ་མངལ་སྦྲུམ་པའི་སྐབས་སུ་ཁོ་མོའི་སེམས་ཁམས་ལྷོད་གནས་ཐུབ་པ་ཡིན་ན་མ་བུ་གཉིས་ཀྱི་ལུས་སེམས་ཀྱི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་པར་བཤད། དེང་རབས་ཀྱི་བྱིས་སྐྱོང་སློབ་གསོ་བ་ཚོས་མངལ་ལྡན་ཨ་མའི་ཅི་བྱས་མངལ་གནས་བྱིས་པའི་བག་ཆགས་ཡིན་ཞེས་བཤད་བཞིན་ཡོད་པ་ལྟར། བུད་མེད་ཀྱི་ལུས་ལ་མངལ་སྦྲུམ་པའི་སྐབས་སུ་ཁོ་མོའི་ལུས་ངག་གི་སྤྱོད་ལམ་བཟང་ངན་གྱིས་མངལ་གནས་བྱིས་པར་བག་ཆགས་ཐེབས་ཀྱི་ཡོད་པར་བཤད་པས། བུད་མེད་ཀྱིས་རང་གི་ལུས་ངག་ཡིད་གསུམ་ལ་སྒོ་ཀུན་ནས་བདག་གཅེས་ཡག་པོ་བྱས་ཏེ་བུ་ཕྲུག་ལ་བག་ཆགས་ཡག་པོ་ཐེབས་སུ་འཇུག་དགོས་པ་ཡིན། མ་བུ་གཉིས་ཀྱི་ལུས་ངག་གི་སྤྱོད་པ་ཞི་འཇམ་དུ་གནས་ཐུབ་མིན་ནི་ཨ་མ་རང་ཉིད་ཀྱི་བསམ་བློ་གཏོང་ཚུལ་དང་བྱེད་ཐབས་བཟང་ངན་། བཟའ་ཟླ་ལ་སོགས་པའི་འབྲེལ་འདྲིས་བྱེད་སའི་ཁོར་ཡུག་གི་མི་ཚོའི་ཀུན་སྤྱོད་སོགས་ལ་རག་ལས་ཀྱི་ཡོད་པར་བཤད། བུད་མེད་ལ་མངལ་སྦྲུམ་པའི་ཚེ་ན་བསམཔ་བཟང་བོ་བྱེད་ཅི་ཐུབ་དང་། གཞན་ཕན་དང་ལྷག་བསམ་ཆེན་པོས་ཞོགས་པ་སྔ་བོར་སྐྱབས་འགྲོ་དང་སེམས་བསྐྱེད་བྱེད་པ། མ་ཎི་དང་གཟུང་སྔགས་འདོན་པ། དགོན་པར་སོང་སྟེ་ཆོས་འདོན་པའི་སྒྲ་ལ་ཉན་པ། ལྷ་ཁང་དང་འདུ་ཁང་ལ་སྐོར་བ་བྱེད་ཞོར་དུ་བསྔོ་བ་སྨོན་ལམ་བྱེད་པ། ཁོམ་སྐབས་སུ་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་རོལ་བ།དཔེར་ན། རྩྭ་ཐང་དང་མེ་ཏོག གངས་རི་དང་རྫ་རི། སྤང་རི་དང་ནགས་རི། ཆུ་བོ་གཙང་བོ། མཚོ་དང་མཚེའུ་སོགས་མཛེས་སྡུག་ལ་བལྟས་ཏེ་རང་སེམས་་ཞི་བར་འཇོག་པ། རོལ་དབྱངས་འཇམ་པོར་ཉན་པ་དང་། ཡིད་སེམས་འགུག་པའི་དཔེ་ཆ་ཀློག་པ། བརྩེ་དུང་དང་དགོད་བྲོ་བའི་གློག་བརྙན་ལ་ལྟ་བ། གྲོགས་དང་སྤུན་ལ་འགྲོགས་ཏེ་ཡིད་སེམས་ལ་སྤྲོ་སྣང་སྟེར་བའི་ཁ་བརྡ་ལ་རོལ་བ། བླ་མའིབཀའ་དྲིན་དང་ཆོས་ཀྱི་་བྱིན་རླབས། ཕ་མའི་བྱམས་སྐྱོང་དང་ནང་མའི་བརྩེ་འདང་སོགས་གླེང་སྟེ་རང་སེམས་ལྷོད་ལ་འབབ་ཏུ་འཇུག་པ་སོགས་མདོར་ན་འཚོ་བ་རྩེད་དགོད་དང་སྤྲོ་སྣང་གི་ཁྲོད་དུ་བསྐྱལ་ཏེ་རང་དང་བུ་ཕྲུག་གི་སེམས་ཁམས་ཞི་བདེའི་དཔལ་ལ་རོལ་ཏུ་འཇུག་དགོས་སོ།། 

 གནའ་དེང་གི་གསོ་རིག་མཁས་པ་ཚོ་ལྟར་ན་མངལ་ལྡན་བུད་མེད་ཀྱིས་བསྟེན་པའི་བཟའ་བཏུང་ལས་མངལ་གནས་བྱིས་པས་འཚོ་བཅུད་རེག་གི་ཡོད་པའི་གནས་ཚུལ་གསུངས་ཏེ་བུད་མེད་ཀྱི་ལུས་ལ་མངལ་སྦྲུམ་ཡོད་པའི་སྐབས་སུ་བཟའ་བཏུང་ལ་འཛེམ་བྱ་བྱེད་དགོས་ཞེས་བསླབ་བྱ་གནང་གི་ཡོད་པ་དེ་ནི་མ་བུ་གཉིས་ཀྱི་བདེ་ཐང་ལ་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱིས་ཡིན། མི་རིགས་གཞན་པ་ཚོར་བུད་མེད་ཀྱི་ལུས་ལ་མངའ་སྦྲུམ་ཡོད་པའི་སྐབས་སུ་བཟའ་བཏུང་བསྟེན་ཚུལ་སྐོར་ཀྱི་རྒྱུན་ཤེས་སློབ་སྦྱོང་བྱེད་སའི་དཔེ་ཆ་ཧ་ཅང་མང་པོ་ཡོད་པ་དང་། བཟའ་བཏུང་གང་ཞིག་སྤྱོད་དགོས་པ་དང་གང་ཞིག་ལ་གཟབ་ནན་བྱེད་དགོས་པ་ཤེས་ཀྱི་ཡོད། གང་ལྟར་ལུས་ལ་མངལ་སྦྲུམ་པའི་བུད་མེད་ཚོས་ལྟོ་བར་འཇུ་དཀའ་བའི་ཟས་རིགས་ཚ་བ་དང་སྐྱུར་བ། མངར་བ་དང་ཁ་བ། ཚྭ་ཁུ་མང་བ་དང་སྣུམ་མང་བའི་ཟས་རིགས་བསྟེན་དྲགས་པ་ཡིན་ན་མངལ་གནས་བྱིས་པར་མི་བཟང་བ་དང་། མ་འོངས་པར་བྱིས་པའི་ཟས་རིགས་ཀྱི་དགའ་ཕྱོགས་ལ་བག་ཆགས་ཐེབས་ཀྱི་ཡོད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད། གལ་སྲིད་ལུས་ལ་མངལ་སྦྲུམ་པའི་བུད་མེད་ཀྱིས་ཟས་རིགས་རོ་ཁ་བ་དང་ཚྭ་བ། ཙོང་དང་སྒོག་པ། ལྷག་པར་དུ་རྫས་ངན་གྱིས་ལྷད་པའི་བཟའ་བཏུང་སོགས་ལྟོ་བར་འཇུ་དཀའ་བ་དང་བདེ་ཐང་ལ་གནོད་པའི་རིགས་བསྟེན་པ་ཡིན་ན། མངལ་གནས་བྱིས་པའི་བདེ་ཐང་དང་འཚར་ལོངས་ལའང་གནོད་ཀྱི་ཡོད་པར་བཤད་པས་འཛེམ་དགོས། བྱིས་པའི་སེམས་ཁམས་རིག་པ་བ་དང་བྱིས་སྐྱོང་སློབ་གསོ་བ་ཚོ་ལྟར་ན་མངལ་ལྡན་བུད་མེད་ཀྱིས་གང་ཟོས་ཐམས་ཅད། མངལ་གནས་བྱིས་པའི་འཚོ་བཅུད་དུ་འགྱུར་གྱི་ཡོད་པ་གསུང་བཞིན་ཡོད། དེས་ན་ཁྱོ་ཤུག་གཉིས་ཀྱི་འགན་ཁུར་ཏེ་། ཆུང་མ་ལ་མངལ་སྦྲུམ་པའི་དུས་སུ་སྔོ་ཚལ་དང་ཤིང་ཏོག གྲོ་དང་ནས། འབྲས་དང་སྲན་མ། ཤ་དང་མར། ཞོ་དང་འོ་མ་སོགས་རྫས་ངན་གྱིས་ལྷད་མ་འདྲེས་པའི་ཟས་རིགས་གཙང་མ་བསྟེན་དགོས། དེ་ལྟར་བྱས་པ་ཡིན་ན། མ་བུ་གཉིས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ལ་བཟང་ཞིང་རྣམ་རིག་གསལ་བ་ཡིན། ཆུང་མའི་ལུས་ལ་མངལ་སྦྲུམ་པའི་སྐབས་སུ་ཁོ་མོའི་བཟའ་བཏུང་གི་དགའ་ཕྱོགས་ལ་འགྱུར་བ་འགྲོ་བའི་གནས་ཚུལ་ནི་རང་བཞིན་ཡིན། འོན་ཀྱང་ཁྱོ་ཤུག་གཉིས་ཀྱིས་ནམ་རྒྱུན་དོ་སྣང་བྱས་ཏེ་ལུས་ལ་མངལ་སྦྲུམ་ཡོད་པའི་ཆུང་མ་ལ་འཚོ་བཅུད་བཟང་ཞིང་བདེ་ཐང་ལ་ཕན་པའི་བཟའ་བཏུང་ལ་ལོངས་སྤྱོད་དུ་འཇུག་དགོས་སོ།། 

 

མདོར་བསྡུས་ན་སྤྱི་ཚོགས་ཀྱི་གནས་སྟངས་ཧ་གོ་བ་དང་བུ་ཕྲུག་གི་མདུན་ལམ་གཙོ་བོར་འཛིན་མཁན་གྱི་དེང་རབས་ཀྱི་ཕ་མ་ཤེས་ཡོན་དང་ཉམས་མྱོང་ཅན་ཚོས་མངལ་ལྡན་བུད་མེད་ཀྱི་ལུས་སེམས་ཞི་བར་གནས་པའི་ཐབས་ལམ་སྣ་ཚོགས་ལ་སྦྱངས་ཏེ་ཉམས་སུ་ལེན་གྱིན་ཡོད། དོ་སྣང་དེ་འདྲའི་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ནི་མངལ་ལྡན་བུད་མེད་དང་མངལ་གནས་བྱིས་པའི་བདེ་ཐང་ལ་འབྲེལ་བ་དམ་པོ་ཡོད་པའི་རྒྱུ་མཚན་གྱིས་ཡིན། དེ་ན་བུད་མེད་ལ་མངལ་སྦྲུམ་པའི་སྐབས་སུ་བུད་མེད་ཀྱི་འཕྲོད་བསྟེན་ལ་བདག་གཅེས་ཡག་པོ་བྱེད་རྒྱུ་གལ་ཆེན་པོ་ཡིན། གལ་སྲིད་མངལ་ལྡན་བུད་མེད་ཀྱི་ལུས་སེམས་ལ་བདག་གཅེས་བྱེད་པའི་འགན་འཁུར་མ་ཐུབ་པ་ཡིན་ན། བུད་མེད་ཀྱི་མངལ་དུ་གནས་པའི་ཕྲུ་གུའི་བདེ་ཐང་ལ་བདག་གཅེས་བྱེད་པའི་འགན་ཁུར་མ་ཐུབ་པ་ཡིན། དེ་ལྟར་ན་ང་ཚོ་བོད་པ་ཚོས་ཀྱང་བུད་མེད་ལ་མངལ་སྦྲུམ་ཡོད་པའི་སྔ་རོལ་ནས་རང་ཉིད་ཀྱིས་ཟས་དང་སྤྱོད་ལམ་བསྟེན་ཚུལ་གྱི་རྒྱུན་ཤེས་སྐོར་ལ་དོ་སྣང་གང་ཐུབ་བྱས་ཏེ་ཉམས་ལེན་བྱེད་དགོས་པར་སེམས་སོ།།

Topic: སྦྲུམ་མའི་ལུས་སེམས་ཞི་བར་གནས་པའི་ཐབས་ལམ།

No comments found.

New comment