སློབ་གསོ།

 

ཕུར་བ་སྐྱིད། (ཁྱུང་མཆུ།)

 

བྱིས་པའི་སློབ་གསོ་ནི་གཙོ་བོ་ཁྱིམ་ཚང་གི་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གཉིས་མཉམ་འབྲེལ་བྱེད་དགོས་པ་ཞིག་ཡིན་པར་སྣང་ལ།  ལྷག་པར་དུ་ཕ་མ་ནི་བྱིས་པའི་ཆེས་ཐོག་མའི་དགེ་རྒན་ཡིན་པས་ཁྱིམ་ཚང་གི་སློབ་གསོ་ནི་བྱིས་པ་ཞིག་གི་རྒྱུད་ལ་ས་བོན་ལེགས་པོ་ཞིག་བཏབས་ཏེ་འབྲས་བུ་ལེགས་པོ་སྨིན་མིན་ལ་བལྟ་སའི་ཚད་གཞི་གཙོ་བོ་ཞིག་རེད་འདོད། 

བྱིས་སྒྲུང་འདིར་ཐོག་མར་པད་མ་མཚོའི་ཕུ་བོ་དག་དང་ཕ་མ་གཉིས་བཅས་ཀྱིས་མོར་ཆུང་ངུའི་དུས་ནས་དམིགས་བསལ་གྱིས་གཟིགས་སྐྱོང་མཛད་ཅིང་ཡུལ་དེའི་བུ་མོ་གཞན་དག་ལས་ལྷག་པའི་གོ་སྐབས་བསྩལ་མྱོང་བ་དེ་ཁོ་མོར་ཐུན་མོང་མ་ཡིན་པའི་གཤིས་ཀ་ཞིག་ཆགས་པའི་རྒྱུ་རུ་གྱུར་ཡོད། དེ་ལས་ཁྱིམ་ཚང་སློབ་གསོའི་གལ་ཆེན་རང་བཞིན་ངང་ངམ་ཤུགས་ཀྱིས་རྟོགས་ཐུབ། 

གཏམ་རྒྱུད་ཀྱི་བར་གསེང་དུ་པད་མ་མཚོའི་ཕ་མ་གཉིས་ཀྱི་བག་འཁུམས་ཀྱི་སྣང་བརྙན་དང་ཁྱིམ་མཚེས་དང་སྡེ་མི་དེ་མིན་སྐབས་དེའི་རྟ་རྒྱུགས་འགྲན་བསྡུར་ཁྲོད་ཀྱི་མི་སྣ་དག་གི་རྙིང་ཞེན་བག་འཁུམས་ཀྱི་སྣང་བརྙན་ཡང་གསལ་བོར་བྲིས་ཡོད་ལ། པད་མ་མཚོའི་རང་གི་དགའ་ཕྱོགས་ཙམ་གྱི་ཆེད་མ་ཡིན་པར་དྲང་བདེན་དང་འདྲ་མཉམ་དང་ཡང་ན་སྐྱེས་མའི་ཐོབ་ཐང་གི་ཆེད་དུ་མགོ་མི་སྒུར་ལ་གཉའ་མི་ཞུམ་པའི་སྲ་མཁྲེགས་ཀྱི་གཤིས་རྒྱུད་ཅིག་མངོན་པར་བྲིས་ཡོད་པས་གཏམ་རྒྱུད་ཀྱི་བྱུང་རིམ་ཧྲིལ་བོས་ཀློག་པ་པོར་གོ་བསྐོན་བློ་འགུག་གི་ནུས་པ་མི་ཉུང་བ་སྟེར་ཐུབ། སྤྱིར་ཡང་བསིལ་བའི་ལྗོངས་འདིའི་སྐྱེས་མར་རང་གཤིས་བཙན་ཞིང་འཇོན་ཐང་ལྡན་པ་ལོ་རྒྱུས་ཁྲོད་དུའང་མཐོང་རྒྱུ་མང་པོ་ཡོད་དེ། དཔེ་མཚོན་གསོན་པོ་ཞིག་དྲངས་ན། མྱང་ཚ་དཀར་རྒྱན་ལྟ་བུའོ།  ། 

གཞན། སྒྲུང་གཏམ་འདིར་རྗོད་བྱེད་ཚིག་ཁ་གསལ་ཞིང་གོ་སླ་ལ་བྱུང་རིམ་སྟབས་བདེ་ཞིང་སྣང་བརྙན་འབུར་ཐོན་དུ་བྲིས་ཡོད་པས་བྱིས་སྒྲུང་གི་ཁྱད་ཆོས་མངོན་གསལ་འཛོམས་ཡོད།  ད་དུང་བོད་དབྱིན་གཉིས་ཀྱི་སྒོ་ནས་བྲིས་ཤིང་རི་མོ་དང་ཡང་སྦྱར་ཡོད་པས་བྱིས་པའི་ལྟ་ཀློག་གི་མོས་པ་སྐྱེད་ཐུབ་སྙམ།  ལྷག་ཏུ་རང་གི་ཡི་གེར་བཀོད་པའི་བྱིས་སྒྲུང་སྟེ།  བྱིས་པར་དགའ་སྣང་དང་སྤྲོ་ཚོར་སྟེར་བའི་སྒྲུང་གཏམ་ཆར་རྗེས་ཀྱི་ཤ་མོ་ལྟར་ཡོང་བའི་རེ་བ་ཧ་ཅང་ཆེའོ།  ། 

Topic: སློབ་གསོ།

No comments found.

New comment