སློབ་ཆུང་སློབ་མར་བསླབ་ཕྱིའི་དཔེ་ཀློག་གི་རེ་བ་ཟུར་ཙམ་གླེང་པ།

 

 བ་ཐར་འབུམ།༼མཚོ་ལྷོ།༽

 

          ང་ཚོས་བྱིས་པ་རྣམས་ལོ་ཆུང་དུས་ནས་བཟུང་རང་གི་སྐད་དང་ཡི་གེ་ལ་དགའ་བ་ནས་སློབ་པ་ལ་སུན་སྣང་མེད་པ་ཞིག་ཏུ་གཏོང་དགོས་ན། ད་ལྟའི་ཁྲིད་གཞིའི་སྟེང་གི་ཤེས་བྱ་ཁོ་ནས་སློབ་མའི་མཚེར་སྣང་གི་བློ་ཁ་ཚིམ་པར་འཇུག་དཀའ་བས་ངེས་པར་དུ་སྣ་མང་ལ་ཚིག་དོན་རྒྱན་གྱིས་ཕྱུག་པའི་བསླབ་ཕྱིའི་དཔེ་ཀློག་གི་དུས་ཚོད་འདང་ངེས་ཤིག་བཀོད་སྒྲིག་བྱེད་པའི་སྐོར་ལའང་འདང་ཞིབ་མོ་ཞིག་རྒྱག་དགོས་པ་རེད་སྙམ། གལ་ཏེ་ལོ་རིམ་གྱི་མཐོ་དམའ་ལྟར་བསླབ་ཕྱིའི་དཔེ་ཀློག་གི་ནང་དོན་འོས་ཤིང་འཚམ་པ་ཞིག་བཀོད་སྒྲིག་བྱ་ཐུབ་ཚེ། ད་གཟོད་སློབ་མའི་རྒྱུད་ལ་ཤེས་བྱ་གསོག་འཇོག་གི་ཚད་གཞི་ཇེ་མཐོ་དང་རྩོམ་འབྲིའི་ནུས་པ་ཇེ་ལེགས། དབྱེ་ཞིབ་ཀྱི་ནུས་པ་ཇེ་མཐོར་སོང་སྟེ་ཡུན་གྱིས་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་ཆགས་སྲིད། དེས་ན་ལོ་རིམ་གསུམ་པ་ནས་བཟུང་སྟེ་གང་ལ་གང་འཚམ་དང་དེ་ལ་དེ་འཚམ་གྱི་སྒོ་ནས་སློབ་ཆུང་སློབ་མར་བསླབ་ཕྱིའི་དཔེ་ཀློག་བཀོད་སྒྲིག་ཇི་ལྟར་བྱ་དགོས་ཞེ་ན། དེ་ཡང་ཐོག་མར་འབྲེལ་ཡོད་སློབ་གསོའི་སྡེ་ཁག་གི་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས། དགེ་རྒན་དང་སློབ་མ། ཁྱིམ་བདག་བཅས་སོ་སོར་ནས་སློབ་ཆུང་སློབ་མའི་དཔེ་ཀློག་གི་གལ་ཆེན་རང་བཞིན་རྟོགས་ཐུབ་པ་བྱ་དགོས། ཡིན་ནའང་རྒྱུགས་ལེན་སློབ་གསོའི་ཁ་གཏོད་ས་ཉག་གཅིག་ནི་རྒྱུགས་སྐར་ཡིན་ལ། ཁྱིམ་བདག་དང་སྤྱི་ཚོགས་ཡོངས་ཀྱིས་ཁས་ལེན་དུ་གྱུར་པ་ནི་རྒྱུགས་སྐར་ལས་མ་འདས་པས། དགེ་རྒན་ལ་ཟུར་དང་ངོས་མི་འདྲ་པ་ལས་ལྟ་ཕྱོགས་ག་འདྲ་ཡོད་ཀྱང་རུང་གནོན་བཙུར་གང་འདྲ་ཐེབས་ཀྱང་ཆོག  གང་ལྟར་བདེན་པ་དོན་གཉེར་གྱི་བྱ་བ་དངོས་ནི་བསླབ་དེབ་ཁོ་ན་བཟུང་སྟེ་ཕྱིའི་རྣམ་པ་བསྒྱུར་བ་ཙམ་ལས་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱེད་སའི་ཁོར་ཡུག་ཇེ་དོགས་ནས་མེད་པར་འགྱུར་བ་ནི་མིག་མཐོང་ལག་ཟིན་གྱི་གནད་དོན་ཚབས་ཆེན་ཞིག་རེད། རྒྱུ་རྐྱེན་དེའི་དབང་གིས་སློབ་མ་དང་སྐད་ཡིག་གི་བར་ཐག་ཇེ་རིང་དུ་གྱུར་ནས་ད་ལྟའི་གནས་བབ་སྡུག་པོ་འདི་ཆགས་ཟིན་པ་རེད། གལ་ཏེ་སྤྱི་ཚོགས་དང་ཁྱིམ་བདག་དང་སློབ་གྲྭ་སོགས་གང་གི་ཐད་ནས་ཀྱང་རང་རྟོགས་དཔེ་ཀློག་གི་འགན་འཁྲི་སྙིང་ལ་འཆིང་སྟེ། སློབ་མར་བསླབ་ཕྱིའི་དཔེ་ཀློག་གི་ཁོར་ཡུག་གྱ་ནོམ་པ་ཞིག་བསྐྲུན་ནས་ཡོངས་ཁྱབ་སྤུས་ཚད་ལ་ཤུགས་སྣོན་དང་། འཇོན་ནུས་སྔོག་འདོན། དགའ་ཕྱོགས་སྐྱེད་བསྲིང་སྒོས་བསླབ་ཚན་བཅོས་བསྒྱུར་གྱི་དམིགས་འབེན་ལེགས་འགྲུབ་ཡོང་པ་དང་། སྐད་ཡིག་གི་སྤྱོད་སྒོ་རིན་ཐང་ལ་ཡིད་ཆེས་ཀྱིས་འཛམ་གླིང་གི་ངོ་མཚར་བའི་དོན་དག་དང་གསར་བྱུང་གི་བྱ་དངོས་ངོས་འཛིན། རང་བྱུང་གི་མཛེས་ལྗོངས་དང་ཚན་རིག་གི་སྙིང་སྟོབས། ལོ་རྒྱུས་མི་སྣའི་བྱས་རྗེས་སོགས་མཐའ་ཡས་ཤིང་གཏིང་ཟབ་པའི་སྣ་མང་ཤེས་བྱ་ལ་སློབ་སྦྱོང་དང་དབྱེ་ཞིབ། ལག་ལེན་བཀོལ་སྤྱོད་བཅས་དཔེ་ཀློག་སློབ་གཉེར་བྱེད་པའི་གོམས་སྲོལ་སྤེལ་ན། ད་གཟོད་སྤྱི་ཚོགས་ལ་ཉེ་བར་མཁོ་པའི་ཤེས་རབ་དོན་གཉེར་ཅན་གྱི་མི་བུ་འཇོན་ཐང་ཅན་མང་པོ་ཞིག་སྐྱེད་བསྲིང་བྱ་ནུས་པས། ང་ཚོས་རང་གི་ཤེས་འཇོན་ལྡན་པའི་སྣེ་ཁྲིད་བཟང་པོར་བརྟེན་ནས་ལོ་ཆུང་བྱིས་པ་ཚོར་བློ་རྒྱ་ཡངས་ལ་ཕུགས་བསམ་བརྟན་པོའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཚར་ལོངས་ལ་སྐུལ་འདེད་གཏོང་དགོས།

          མདོར་རྩ་དེད་ན་ལོ་བདུན་ནས་བཅུ་གཉིས་བར་གྱི་བྱིས་པའི་དཔེ་ཀློག་གི་ནུས་པ་མཐོར་འདེགས་སུ་གཏོང་དགོས་ན། གཅིག་ནི་ཉ་ཉོག་དང་འཚབ་འཚུབ་མ་ཡིན་པར་རྒྱུན་འཁྱོངས་བྱ་དགོས་པ་དང་། གཉིས་ནི་ཁ་གྲངས་གཏན་ཁེལ་བྱས་ཏེ་དཔེ་ཀློག་གི་ཆུ་ཚད་ངེས་ཅན་ལ་ཐོན་དགོས་པའི་བླང་བྱ་འདོན་དགོས་པ། གསུམ་པ་ནི་བབ་བསྟུན་གནད་ཁེལ་གྱིས་ལོ་རིམ་རེ་རེའི་སློབ་མའི་བློ་ཁ་དང་འཚམ་པར་དཔེ་དེབ་བཀོད་སྒྲིག་བྱེད་ཐུབ་པ། བཞི་པ་ནི་སློབ་མས་དཔེ་ཆའམ་རྩོམ་ཡིག་གང་ཞིག་བཀླགས་པའི་མྱོང་ཚོར་དུས་ལྟར་ཟིན་ཐོ་འགོད་ནས་ནང་དོན་བློ་ནས་བཤད་ཐུབ་པ། ལྔ་བ་ནི་དཔེ་ཀློག་གི་གོ་རིམ་ཁྲོད་ནས་རྒྱན་ཚིག་དང་ཚིག་སྦྱོར་ལྷོད་ཤ་ཅན་ལོགས་སུ་ཟིན་བྲིས་སྟེང་བཀོད་ནས་རང་གི་ལག་ཆ་རུ་འགྱུར་བ་བྱ་དགོས། དྲུག་པ་ནི་བསླབ་ཕྱིའི་ལྟ་ཀློག་གི་ཤེས་བྱ་ཐམས་ཅད་སྐད་ཡིག་བསླབ་གཞིའི་ལྷན་ཐབས་དང་ཟུར་རྒྱན་ལྟ་བུ་ལས་རྩ་བ་བོར་ནས་ཡལ་ཀ་འཛིན་མི་རུང་། དེ་ལྟར་གོང་འོག་བར་གསུམ་ཐམས་ཅད་ཀྱིས་སེམས་ཤུགས་མཉམ་བསྐྱོད་བྱས་ན་ད་གཟོད་རྗེས་ཕྱོགས་སུ་སློབ་རིམ་ཐེམ་པ་བརྒལ་པའི་བརྒྱུད་རིམ་ཁྲོད་དུ་སློབ་སྦྱོང་གི་དཀའ་ཁག་སེལ་ཐུབ་པ་མ་ཟད། ད་དུང་རྩོམ་འབྲིའི་ནུས་པ་དང་བསམ་གཞིག་གི་ནུས་པ་གོང་འཕེལ་དང་། མི་གཤིས་ཇེ་ལེགས། འཚོ་བ་སྣ་འཛོམས་ཅན་དང་ལུས་སེམས་བདེ་ཐང་ཅན་དུ་འགྱུར་བར་ཐེ་ཚོམ་མེད་དོ།