༄༅།། བྱིས་པར་སློབ་གསོ་གཏོང་ཐབས་སྐོར།

༄༅།། བྱིས་པར་སློབ་གསོ་གཏོང་ཐབས་སྐོར།

༄༅།། བྱིས་པར་སློབ་གསོ་གཏོང་ཐབས་སྐོར།

རྩོམ་པ་པོ། དངོས་གྲུབ་ཚེ་རིང་།

 སྤྱི་ཚོགས་གོང་འོག་ཚང་མས་སློབ་གསོ་འཕེལ་རྒྱས་སུ་གཏོང་བ་དང་སློབ་གསོར་མཐོང་ཆེན་གནང་ནས་སློབ་གསོའི་བྱ་གཞག་དེ་ཡར་ངོའི་ཟླ་བར་འགྲན་པའི་དུས་འདིར། སློབ་གྲྭར་དགེ་རྒན་རྣམས་ཀྱིས་སློབ་གསོ་འཛིན་གང་ཐུབ་དང་། ཁྱིམ་དུ་ཕ་མ་རྣམས་ཀྱིས་ཐབས་ནུས་ཡོད་རྒུ་བཏོན་ནས་ཕྲུ་གུའི་ཤེས་བྱའི་འབྲས་བུ་སོགས་ཕྱོགས་གང་ཐད་ནས་བློ་འདོད་བཞིན་ཡོང་ཐབས་བྱ་བཞིན་ཡོད་མོད། འོན་ཀྱང་ཕྲུ་གུའི་སློབ་འབྲས་དེ་རང་གི་བསམ་ཚོད་བཞིན་མི་འབྱུང་བའི་ཁར་ཐ་ན་ཕྲུ་གུ་འགའ་རེས་སློབ་སྦྱོང་ལ་གཡོལ་བཞིན་ཕ་མར་མགོ་སྐོར་གཏོང་ཐབས་བྱེད་པ་དང་མ་ཡིན་ཡིན་མདོག་གིས་གཡོ་ཁྲམ་བྱེད་ལ་སློབ་བྱོལ་ཡང་བྱེད་པའི་གནས་ཚུལ་ངན་པ་ཞིག་ཀྱང་ཐོན་བཞིན་ཡོད། གནད་དོན་དེར་དམིགས་ནས་ཁྱིམ་བདག་ཚོས་དུས་རྒྱུན་ཤེས་དགོས་པའི་གནད་དོན་འགའ་གླེང་བར་བྱ།

གཅིག  བྱིས་པར་འོས་འཚམ་གྱི་རེ་བ་འདོན་པ་ལས་ཚད་རྒལ་གྱི་རེ་བ་མི་འདོན་པ།

ཤེས་བྱ་རིག་གནས་སྦྱོང་བའི་ངོས་ནས་བཤད་ན་ཤེས་བྱ་དེ་ཡུན་རིང་གི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འབྲས་བུ་བྱུང་བ་ལས་དུས་ཡུན་ཐུང་ནང་ཤེས་རིག་ཆེན་པོ་ཡོང་ཐབས་མེད་པ་དང་ཤེས་རིག་བསླབ་ཚད་ལམ་སེང་ཤེས་ཐུབ་པའི་ངེས་པ་མེད་སྟབས་ཁྱིམ་བདག་ནས་ཤེས་བྱ་རིག་གནས་ཤིག་ལྡན་པར་ཡུན་རིང་གི་དུས་ཚོད་ནང་དཀའ་བ་སྤྱད་དགོས་པ་ཤེས་ཏེ། སློབ་གྲྭར་ཚུད་མ་ཐག་ཤེས་བྱ་ཕུན་སུམ་ཚོགས་པོ་ཡོང་བའི་རེ་བ་བཅངས་ཏེ་བྱིས་པར་ངལ་གསོ་རྒྱག་ལོང་མེད་པར་ཤེས་སྦྱོང་ཁོ་ནར་བསྐུལ་བ་དེས་སློབ་ཕྲུག་གི་སློབ་སྦྱོང་བྱེད་སེམས་ལ་ཉོབ་མདངས་ཆེན་པོ་བསླེབས་ནས་སློབ་འབྲས་ལེགས་པོ་ཡོང་རྒྱུ་ཕར་ཞོག་སློབ་དེབ་མཐོང་མི་འདོད་པ་དང་སློབ་སྦྱོང་ཞེས་པའི་སྒྲ་ལ་སུན་སྣང་སྐྱེས་པ་དང་སྦྱོང་སེམས་ཀྱང་མེད་པར་འགྱུར་འགྲོ། ལས་དང་བྱ་བ་གང་ཞིག་ཡིན་ཡང་དང་ཐོག་དེར་འཇུག་པའི་དད་སེམས་དང་སྤྲོ་སྣང་ཡོད་དགོས་ཤིང་དགའ་བའི་ལས་ལ་འཇུག་པ་དང་ཞེན་ཆགས་ཀྱི་བློ་དང་ལྡན་པ་ཞིག་བྱུང་ཚེ་དེའི་འབྲས་བུ་ནི་མཆོག་ཏུ་གྱུར་པ་ཞིག་ཡིན་ལ། མཇུག་འབྲས་ཀྱང་བློ་འདོད་ཡིད་ཚིམ་པ་ཞིག་ཡོང་བས་ཁྱིམ་བདག་རྣམ་པས་བྱིས་པའི་ཤེས་སྦྱོང་སྐབས་ཀྱི་རེ་བ་དེ་དོ་སྙོམས་དང་ཁོ་ཚོའི་བློའི་ནང་ཤེས་བྱ་སྦྱོང་བའི་ཧུར་སེམས་སྐྱེ་བའི་རྨང་གཞིའི་འོག་རང་མཉམ་ཤེས་སྦྱོང་དག་ལས་འབྲས་བུ་མི་དམན་ཙམ་ཡོང་བར་སྐུལ་མ་གཏོང་དགོས་པ་དང་། བྱིས་པའི་རྒྱུན་ལྡན་གྱི་དགའ་བའི་ལས་རྟོགས་དགོས་པ་ལས་ཁོ་ཚོར་རེ་བ་ཆེན་པོ་དང་ནན་དྲག་གིས་བྱིས་པའི་སེམས་ལ་ཕོག་ཐུག་གཏོང་མི་རུང་། དེ་འདྲའི་ཆ་རྐྱེན་འོག་ཏུ་བྱིས་པར་སློབ་འབྲས་འཕེལ་རྒྱས་ཀྱི་ལམ་བུ་མི་ནོར་བར་སྟོན་པ་དང་བྱིས་པའི་སྦྱང་བྱའི་རིག་གནས་ཁག་གི་འབྲས་བུ་ཐོན་ཐབས་བྱ་དགོས་པར་སྙམ།

གཉིས།  བྱིས་པའི་ཤེས་སྦྱོང་གི་བསམ་པ་གསོ་སྐྱོང་བྱེད་པ་ལས་ཕོག་ཐུག་གཏོང་མི་རུང་།

མི་སུར་ཡང་གཞན་གྱིས་བསྟོད་ན་དགའ་བར་འགྱུར་བ་དང་སྨད་ན་མི་དགའ་བར་འགྱུར་བ་ནི་ཆོས་ཉིད་དུ་གྲུབ། 

 དེ་བཞིན་དུ་ཁྱིམ་བདག་ཚོས་ཀྱང་བྱིས་པའི་སྦྱངས་འབྲས་ཞན་ཙམ་དང་ཀུན་སྤྱོད་ཞན་ཙམ་ཡིན་པར་ཕོག་ཐུག་གི་སྐད་ཆ་དང་ཉེས་རྡུང་བཏང་ན་གཏན་ནས་མི་འགྲིག་སྟེ།  མི་ལ་སྐྱོན་མེད་མི་སྲིད་ལ་ཤིང་ལ་འཛེར་བ་མེད་བ་མི་སྲིད་ཅེས་པ་བཞིན་བྱིས་པ་སུ་ཞིག་ཡིན་ཡང་རང་གི་དགེ་རྒན་དང་ཕ་མའི་བསྟོད་ཚིག་ཕྲན་བུ་ཡིན་རུང་ཐོབ་རེ་བྱེད་ལ་དེ་ལྟར་ཐོབ་ན་དགའ་བས་མྱོས་ཤིང་བརྩོན་པ་འཕེལ་བ་ཡིན།གལ་ཏེ་བྱིས་པར་ཁྱིམ་བདག་གིས་ཕོག་ཐུག་གི་སྐད་ཆ་བཤད་ཚེ་བྱིས་པའི་སེམས་ཁམས་སུ་ཕ་མས་ཀྱང་རང་ཉིད་ལ་སྣང་ཆུང་དང་ཕན་མེད་ཟོག་རོའི་རྣམ་པ་དང་ངང་ཚུལ་སྟོན་གྱིན་འདུག་བསམས་ནས་སེམས་དབུས་སུ་སྐྱོ་སྣང་དང་སྡུག་བསྔལ་གྱིས་ཁེངས་ནས་སློབ་སྦྱོང་བྱེད་སེམས་མེད་ཅིང་།  མཐར་འགའ་རེས་སློབ་སྦྱོང་ལ་གཡོལ་ཞིང་སློབ་བྱོལ་བྱེད་པའི་ལམ་ངན་ལ་བཞུད་པ་དང་ཁྱིམ་ཚང་གི་དྲོ་སྐྱིད་ཡལ་ནས་འུ་ཐུག་གི་ལས་ངན་ལ་འགྲོ་སྲིད་པས་ཁྱིམ་བདག་གིས་ངེས་པར་བྱིས་པའི་སློབ་སྦྱོང་བྱེད་སེམས་ཀྱི་བློ་ཁ་གསོ་སྐྱོང་བྱ་དགོས།

 

གསུམ།  བྱིས་པ་དང་འགྲོགས་པའི་སློབ་ཕྲུག་དེ་གང་འདྲ་ཡིན་མིན་རྟོགས་དགོས་པ།

ན་ཆུང་བྱིས་པ་ཚང་མར་རང་གི་བློ་དང་མཐུན་པའི་གྲོགས་པོ་རེ་ཡོད་ལ།  ཁོ་ཚོས་མཉམ་དུ་ཤེས་སྦྱོང་དང་རོལརྩེད་བྱས་ཏེ་གཅིག་སེམས་གཅིག་ལ་མཐུན་པའི་བློས་ཐུབ་གྲོགས་པོར་གྱུར་ཡོད།  དེས་ན་ཁྱིམ་བདག་ཚོས་ངེསཔར་རང་གི་བྱིས་པ་དང་འགྲོགས་པའི་བྱིས་པ་དེའི་སློབ་སྦྱོང་དང་སྤྱོད་ཚུལ།  གཤིས་ཀ  དགེ་རྒན་གྱི་གདེང་འཇོག་དང་སློབ་ཕྲུག་ནང་ཁུལ་གྱི་ལྟ་ཚུལ་སོགས་ཚང་མའི་ཐོག་ནས་ཤེས་རྟོགས་བྱ་དགོས་ཤིང་།  དེ་ཡང་ཕ་རོལ་པོའི་སློབ་ཕྲུག་དེ་སློབ་འབྲས་བཟང་ལ་སྤྱོད་ཚུལ་ཚད་ལྡན་པ་ཞིག་ཡིན་ཚེ་སྐྱོན་ཆ་མེད་ཅིང་།  དེ་ལས་ལྡོག་སྟེ་ཕ་རོལ་པོ་དེ་སློབ་སྦྱོང་ལ་གཡོལ་ཞིང་རོལ་རྩེད་ལ་ཆེས་དགའ་བ་དང་སློབ་འབྲས་ཞན་ཁར་སྤྱོད་ངན་ལ་ཕྱོགས་པའི་ཞན་ཆ་ལྡན་པ་ཞིག་ཡིན་ཚེ་རང་ཕྲུག་ལ་སྐྱོན་ཆ་ཆེན་པོ་ཡོང་སྲིད་པ་ཞིག་ཡིན་པས་ཁྱིམ་བདག་རྣམ་པས་བྱ་བ་དེར་ལྷོད་གཡེང་མི་བྱེད་པ་དང་སྐྱོན་ཆ་མི་ཡོང་བར་བྱས་ཏེ།  དེ་ཡང་གང་ཞིག་གསེར་གྱི་རི་ལ་གནས་གྱུར་ན།། དེ་ཡིས་འདབ་ཆགས་ཐམས་ཅད་གསེར་ལ་འགྱུར།།  གང་ཞིག་དུག་གི་རི་ལ་གནས་གྱུར་ན།།  དེ་ཡིས་འདབ་ཆགས་ཐམས་ཅད་དུག་ལ་འགྱུར་ཞེས་པ་ལྟར་ཁྱིམ་བདག་ཚོས་རང་ཕྲུག་གསེར་རིར་འགྲོགས་པའི་བྱ་ཐབས་འདོན་པ་ལས་དུག་རིར་གནས་པའི་སྐྱོན་ཆ་མི་ཡོང་བ་གནང་དགོས།གལ་ཏེ་རང་ཕྲུག་ལ་སྐྱོན་ཆ་ལྡན་པ་ཤེས་སྐབས་སྐྱོན་ཆ་ལས་གཡོལ་བའི་བྱ་ཐབས་དང་ནུས་པ་འདོན་པ་ལས་ཐད་ཀར་བྱིས་པ་གཞན་དེར་གནོད་པའི་ཚིག་རྩུབ་བཤད་མི་རུང་།  དེའི་མཚུངས་སུ་རང་ཕྲུག་ལ་རྒྱུན་ལྡན་མི་གང་འདྲ་ཞིག་དང་འགྲོགས་དགོས་པའི་ཐད་དུ་སློབ་གསོ་བསྐྱོན་དགོས།

བཞི། བྱིས་པའི་བསམ་ཚུལ་ལ་ཉན་རྒྱུར་མཐོང་ཆེན་བྱ་དགོས།

བྱིས་པ་ཚང་མར་དགའ་ཞེན་གྱི་ཆ་ཤས་རེ་ཡོད་ལ་དམིགས་བསལ་གྱི་ཞེན་ཆགས་ཡོད་པའི་གནད་དོན་རེ་ཡང་ཡོད།  ཁྱིམ་བདག་ཚོས་རང་ཕྲུག་གི་དགའ་ཞེན་བྱེད་པའི་དོན་གནད་གང་ཡིན་རྩད་གཅོད་གཏོང་ཐུབ་དགོས་ཤིང་།  དགའ་ཞེན་དང་གྲུབ་འབྲས་བཟང་བ་ནས་མགོ་བརྩམས་ཏེ་ཁོ་ཚོའི་ནུས་པ་གསོ་སྐྱོང་བྱ་དགོས།  དཔེར་ན་ཕྲུ་གུ་ཞིག་རྐང་རྩེད་སྤོ་ལོ་རྒྱག་རྒྱུར་དགའ་ཞེན་དང་མཁས་པོ་ཡོད་ཚེ་ཕ་མས་ངེས་པར་་སློབ་གསོ་འདི་ལྟར་བསྐྱོན་དགོས་ཏེ།  ཁྱེད་རང་རྐང་རྩེད་སྤོ་ལོ་ཡག་པོ་རྒྱག་ཤེས་པ་དེས་སློབ་གྲྭའི་ནང་དགེ་སློབ་ཚང་མས་ཁྱེད་རང་ལ་བསྔགས་པའི་དབྱངས་སྙན་སྒྲོག་པ་ཐོས་དུས་ང་ཚོ་ཁྱིམ་བདག་གི་སེམས་ལ་དགའ་ཚོར་དཔག་ཏུ་མེད་པ་ཞིག་སྐྱེ་བཞིན་འདུག་ཅིང་།  དེ་ནི་རང་གི་ནམ་ཞག་རྒྱུན་དུ་དུས་སྟོང་དམ་བཟུང་དང་བརྩོན་པ་ཆུ་རྒྱུན་བཞིན་བྱས་པའི་གྲུབ་འབྲས་ལེགས་པོ་ཞིག་ཡིན་ཞིང་།  ད་དུང་སློབ་སྦྱོང་གི་གྲུབ་འབྲས་ལེགས་པོ་ཞིག་བྱུང་ཚེ་དེ་བས་ཀྱང་ཚང་མས་ཡིད་སྨོན་དང་བསྔགས་བརྗོད་བྱ་རྒྱུ་རེད་ཅེས་བརྗོད་དེ།  བྱིས་པའི་སེམས་ལ་སྤྲོ་བ་དང་སྐུལ་སློང་གི་ཚོར་བ་དྲག་པོ་ཞིག་ཡོང་བ་གནང་དགོས།  དེ་ལྟར་བྱིས་པར་དགའ་སྣང་དང་དད་སེམས་ཀྱི་འདུ་ཤེས་སྐྱེ་བ་དང་སྦྲགས་སློབ་སྦྱོང་གི་ཧུར་སེམས་ཆེས་ཆེར་འཕེལ་ཏེ་སློབ་འབྲས་ལེགས་སུ་འགྲོ་རྒྱུར་ཕན་ནུས་ཆེ་བས་ཕ་མས་ངེས་པར་ཕྲུ་གུའི་དགའ་ཞེན་གྱི་བསམ་ཚུལ་ལ་ཉན་རྒྱུར་མཐོང་ཆེན་བྱེད་པ་དང་དགའ་ཞེན་དེས་སློབ་ཕྲུགགི་ཕྱོགས་གང་ཅིའི་ནུས་པ་གསོ་སྐྱོང་བྱེད་པར་ཕན་པ་ལྡན་པའི་ཆ་རྐྱེན་བསྐྲུན་དགོས།  ད་དུང་ཁྱིམ་བདག་གིས་སློབ་ཕྲུག་གི་དགའ་ཞེན་ལ་བརྩི་འཇོག་དང་རྒྱུས་ལོན་བྱས་ཏེ་བྱིས་པའི་བསམ་ཚུལ་དང་ཕུགས་བསམ་གླེང་བའི་བྱ་བ་བསྒྲུབ་དགོས་ལ་འོད་ཟེར་སྟོང་ལྡན་གྱི་འཚོ་བའི་ལམ་བུའི་ཁྲོད་བྱིས་པ་ཚོས་རང་གི་དགའ་ཞེན་བསམ་པ་གསར་གཏོད་དང་གསར་བསྐྲུན་གྱི་བྱ་བ་སྟོབས་ཆེ་བགྱིས་ནས་མི་ཚེ་དོན་ཡོད་དང་དོན་ལྡན་ཡོང་ཆེད་བྱིས་པའི་སེམས་ཁམས་ཀྱི་བསམ་ཚུལ་ལ་ཉན་རྒྱུར་གལ་ཆེ་བྱ་དགོས།

 

ལྔ།  བྱིས་པར་སྐྱོན་བརྗོད་བྱེད་སྐབས་སྔོན་ལ་བྱིས་པའི་དགེ་མཚན་གླེང་དགོ

མི་ཞིག་ལ་དགེ་མཚན་ཡོད་ན་དེ་ལ་སྐྱོན་གྱི་དྲི་མ་ཙམ་མེད་པ་མི་སྲིད་ལ།  དེ་བཞིན་དུ་བྱིས་པའི་སློབ་འབྲས་དང་ཀུན་སྤྱོད་གཉིས་ཀ་བཟང་བ་ཞིག་ཡོད་ཀྱང་སྐབས་འགར་མི་འགྲིག་པའི་གནས་ཚུལ་ཐོན་སྲིད་པས།སྐབས་དེར་ཕ་མའི་བཀའ་བསྐྱོན་གནང་སྐབས་ངེས་པར་སྔོན་ལ་ཁོ་ཚོའི་དགེ་མཚན་གླེང་རྒྱུ་བརྗེད་མི་རུང་།  སྔོན་ལ་དགེ་མཚན་གླེང་ན་བྱིས་པར་སློབ་གསོ་ནན་པོ་ཐེབས་ཐུབ་པས།  ཁྱིམ་བདག་འགའ་རེས་སྐབས་རེར་རླུང་ལངས་སྐབས་ཕྲུ་གུར་ཚིག་ངན་ཁོ་ན་དྲངས་ཁར་སྐད་ཆ་གང་ཐོན་བརྗོད་པ་དང་ཐ་ན་ལག་པ་འགུལ་ནས་གཅར་དུང་བྱེད་པ་དེས་མཐར་བྱིས་པ་རྣམས་ཕ་མར་ཞེན་ལོག་སྐྱེ་བའི་སྣང་ཚུལ་ངན་པ་ཐོན་བཞིན་ཡོད།  དེར་བརྟེན་ཕྲུ་གུའི་དགེ་མཚན་སྔོན་ལ་གླེང་ཚེ་བྱིས་པའི་སེམས་དབུས་སུ་ཕ་མས་རང་ལ་ཡིད་ཆེས་དང་གདེང་འཇོག་ཆེན་པོ་ཡོད་ཀྱང་རང་གི་བྱ་བྱེད་ནོར་འཁྲུལ་ཤོར་བར་ངོས་འཛིན་གསལ་བོ་ཐོབ་ནས་དགེ་མཚན་དང་ཞན་ཆ་གཉིས་ཕན་ཚུན་བསྡུར་བའི་སློབ་གསོ་ཐེབས་ཏེ་ལེགས་བླང་སྐྱོན་དོར་གྱི་ལམ་ལ་འཇུག་ཅིང་རྣག་ཐོག་བཙག་འཁེལ་གྱི་ཕན་པ་འབྱུང་སྲིད།དེང་སྐབས་ཀྱི་ཕྲུ་གུ་རྣམས་ནི་རང་བརྩིའི་ལས་ལ་མཐོང་ཆེན་བྱེད་པ་དང་རང་འབྲས་གལ་ཆེར་འཛིན་པའི་ཁྱད་ཆོས་ལྡན་ཁར་དགེ་རྒན་དང་ཕ་མ།  སྤྱི་ཚོགས་སྟེང་གི་སྐྱེ་བོ་རྒན་གཞོན་ཚང་མའི་བསྟོད་པ་ཐོབ་པར་དགའ་བས་ཁོང་ཚོར་སྐྱོན་ཆ་ཡོད་ལ་དེ་བས་ཀྱང་ལེགས་ཆ་ནི་མང་པོ་ལྡན་ཡོད་པ་བརྗོད་མེད་དུ་གྱུར་ཡོད།  ཞན་ཆ་བསྒྱུར་བཅོས་བྱེད་པ་དང་ལེགས་ཆ་དར་སྤེལ་གཏོང་རྒྱུ་ནི་དམིགས་ཡུལ་ཉག་ཅིག་ཏུ་གྲུབ་པས་ཞན་ཆ་བསྒྱུར་བཅོས་ཀྱི་ཡང་དག་པའི་ཐབས་ཤེས་འཚོལ་རྙེད་བྱ་རྒྱུ་ནི་གལ་ཆེའོ།།